R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༩༢
[A:༢༩༢]ཉིད་ཞབས་དྲུང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས་པ་དང༌། མཁྱེན་བརྩེ་ནུས་པའི་གཏེར་མངའ་ཕན་ཁང་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་པ་དང༌། ཞྭ་ལུ་སྐུ་ཞང་གི་རིགས་སུ་སྐུ་འཁྲུངས་པའི་ཁང་སར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ་པ་དང༌། རྗེ་རང་གི་སྣག་དབོན་ཐར་རྩེ་ཞབས་དྲུང་ངག་གི་དབང་ཕྱུག་འཇམ་དབྱངས་རིན་ཆེན་རྡོ་རྗེ་པ་དང༌། མཁྱེན་པའི་སྤྱན་རས་བཀྲ་བ་གདོང་ཚང་ཞབས་དྲུང་རིན་པོ་ཆེ་རྣམས་སོ། །ལྔ་པ་བསྟན་པ་སྟོབས་ཀྱིས་འཛིན་པའི་ཆོས་རྒྱལ་ཆེན་པོ་ཡབ་སྲས་བཞི་ལ་སོགས་པ་ནི། གསུང་རབ་མང་པོའི་ཕ་རོལ་ཏུ་སོན་ཅིང་འཆད་རྩོད་རྩོམ་གསུམ་དང་སྟོབས་ཀྱི་སྒོ་ནས་བསྟན་པ་འཛིན་པ་སྡེ་དགེ་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པའམ་ཕྱིས་རབ་ཏུ་བྱུང་བའི་མཚན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་པ་དང༌། དེའི་ལྷ་སྲས་ཆེ་བ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་ཚེ་རིང་རྣམ་རྒྱལ་བ་དང༌། ལྷ་སྲས་བར་པ་རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་བྱམས་པ་ཀུན་དགའ་འཇམ་དཔལ་ཕན་བདེའི་སྙིང་པོ་པ་དང༌། ལྷ་སྲས་ཆུང་བ་མཁྱེན་རབ་ཀྱི་མེ་ཏོག་བཀྲ་བ་ཚེ་དབང་རྡོ་རྗེ་དགྲ་འདུལ་བ་སྟེ་བཞི་དང༌། སྔ་འགྱུར་རྙིང་མའི་བསྟན་འཛིན་ཆེན་པོ་གླིང་ཞལ་ངོ་རྗེ་དྲུང་པར་གྲགས་པས་ཀྱང་གུས་འདུད་བསྙེན་བཀུར་བླ་ན་མེད་པ་དང་བཅས་རྒྱུད་སྡེའི་དབང་བསྐུར་འགའ་ཞིག་ཆེད་དུ་གསན་པ་དང༌། གཞན་ཡང་བཀའ་ཆོས་ཀྱི་འབྲེལ་པ་ཙམ་ཐོབ་པའི་གླིང་ཚང་ལ་སོགས་པ་རྒྱལ་རིགས་སུ་གཏོགས་པ་ཤིན་ཏུ་མང་ངོ༌། །དྲུག་པ་མི་ཆེན་དུ་གཏོགས་པ་ནི། མདའ་དཔོན་ཆེན་པོ་ཚ་རོང་པ་ཡབ་སྲས་གཉིས་དང༌། མདའ་དཔོན་རིན་སྤུངས་པས་གཙོ་བྱས་པའི་དབུས་གཙང་གི་ལྗོངས་སུ་འཁོད་པའི་མི་ཆེན་མང་པོ་དང༌། སྡེ་དགེ་ཆོས་