[A:༡༦༢]བ་བཞིན་དུ་ཇེ་དྭངས་སུ་གྱུར་ཅིང༌། མཐར་སྐུ་གཟུགས་ཀྱི་འཕྲོད་བཞེས་སུ་སྐྱིད་མཁར་དུ་ཆུ་ཚན་ཞིག་ལ་ཕེབས་པ་ཡིན་ནོ་ཞེས་ཐོས་སོ། །དེ་ནས་ཁུ་བོ་མཁན་ཆེན་མཆོག་གིས་རྗེ་འདི་ལ་ཀུན་ཏུ་དགོས་པའི་གཞུང་བདུན་གཟིགས་དགོས་ཚུལ་གྱི་བཀའ་སྩལ་ཕེབས་ཤིང༌། དེའི་དོ་དམ་སློབ་དཔོན་དུ་བྱམས་པ་བསོད་ནམས་དཔལ་འབྱོར་བསྐོ་བཞག་བསྐྱངས་པ་ལྟར་ཐུགས་བརྩོན་ཆེན་པོའི་སྒོ་ནས་ལེགས་པར་གཟིགས་ཏེ། དགུང་ལོ་བཅུ་བདུན་ཡན་ཆད་དུ་རྗེ་བཙུན་རིན་པོ་ཆེས་མཛད་པའི་འགྲེལ་པ་དག་ལྡན་གྱི་མཇུག་ཏུ། རྒྱུད་སྡེའི་དུམ་བུ་རྣམ་གཞག་མངོན་རྟོགས་དང༌། སྟོང་ཐུན་རྣམས་ཀྱི་དོན་བསྡུས་བསྟོད་པ་གཉིས། །བདག་མེད་བསྟོད་པའི་རྣམ་འགྲེལ་དང་བཅས་པ། །ཀུན་ཏུ་དགོས་པའི་གཞུང་བདུན་འཐོར་མི་བྱ། །ཞེས་གསུངས་པ་ལྟར་གྱི་རྒྱུད་སྤྱི་ལ་དགོས་པའི་གཞུང་བདུན་པོ་ཐུགས་ལ་བཟུང་ནས་ཨེ་ཝྃ་བླ་བྲང་དུ་རྒྱུགས་འབུལ་བ་སོགས་མཛད་དོ། །སྤྱིར་རྗེ་འདི་ནི་སྐུུ་ན་ཆུང་ངུའི་དུས་ནས་གཞན་སྟོབས་ཀྱི་སྐུལ་མ་སོགས་ལ་རག་མ་ལས་པར། རང་སྟོབས་ཀྱི་བརྩོན་འགྲུས་ཐང་ལྷོད་མེད་པ་ཞིག་དང༌། ཐུགས་རབ་ཀྱང་འཇམ་མགོན་ས་པཎྜི་ཏ་ཆེན་པོས་མཛད་པའི་མགོན་པོ་འཇམ་པའི་རྡོ་རྗེ་ལ་མཆོད་པར་བརྗོད་པ། དཔལ་ལྡན་བློ་གྲོས་དྷཱིཿལས་བྱུང་བ་ཚར་བདུན་བསྒྲགས་པས་ཐུགས་ལ་ཟིན་པ་སོགས་གང་ཅི་ནས་ཕུན་སུམ་ཚོགས་པ་ཞིག་མངའ་བ་ཡིན་ནོ་ཞེས་ཐོས་སོ། །དེ་ནས་དགུང་གྲངས་བཅོ་བརྒྱད་པ་ཆུ་མོ་གླང་གི་ལོར། རྒྱལ་བའི་བསྟན་པ་ལ་ཞུགས་ཀྱང་ཡོངས་སུུ་མ་རྫོགས་པ་ནི་སོ་ཐར་གྱི་ལས་བསྒྲུབ་པ་དང་ལས་ཀྱི་ཆོ་ ག་ལ་མི་དབང་ཞིང༌། དེ་ལ་མི་དབང་བས་གསང་སྔགས་ཀྱི་རྒྱུད་སྟོན་པ་དང་དབང་བསྐུར་བ་སོགས་ཀྱི་རྡོ་རྗེ་སློབ་དཔོན་ཁྱད་པར་ཅན་དུ་མི་འགྱུར་བར་དགོངས་ནས། སོ་ཐར་རིགས་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དགེ་སློང་གི་དངོས་པོར་བསྒྲུབ་པར་བཞེད་ནས། དཔལ་ཨེ་ཝྃ་ཆོས་ལྡན་གྱི་