[A:༢༩༨]པ་འདི་ནི་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང༌། དེའི་བསླབ་པར་བྱ་བ་མཐའ་དག་ཚུལ་བཞིན་དུ་བསླབས་པ་ལ་བརྟེན། སྐུ་ཚེ་འདིར་ཡང་ཐོག་མ་ཉིད་ནས་ཐེག་ཆེན་གྱི་རིགས་སད་པའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཐུགས་རྒྱུད་ལ་རང་ཤུགས་ཀྱིས་འཁྲུངས་ཤིང༌། གཞན་ལ་ཕན་པ་ཁོ་ན་ལྷུར་མཛད་པ་ཡིན་ལ། ཁྱད་པར་སེམས་བསྐྱེད་ཀྱི་སྡོམ་པ་གསན་ཚུལ་ཆད་དེ་ནས་བཤད་པའི་དཀར་པོའི་ཆོས་བཞི་ལ་སོགས་པའི་བསླབ་བྱ་མཐའ་དག་སྒྲུབ་པ་དང༌། ནག་པོའི་ཆོས་བཞི་ལ་སོགས་པའི་སྤང་བྱ་ཐམས་ཅད་སྤོང་བ་དང༌། གཞན་ཡང་ལྟུང་བ་དང༌། ལྟུང་མེད་དང༌། ལྟུང་བའི་གཟུགས་བརྙན་དང༌། ལྟུང་མེད་ཀྱི་གཟུགས་བརྙན་རྣམས་ཀྱང་མ་ནོར་བར་མཁྱེན་བཞིན་པའི་སྒོ་ནས་བླང་དོར་ཚུལ་བཞིན་དུ་མཛད་པ་དང༌། གལ་ཏེ་ལྟུང་བ་ཕྲ་མོ་ཙམ་འབྱུང་སྲིད་ནའང་ཕུང་པོ་གསུམ་པ་ལ་སོགས་པའི་སྒོ་ནས་བཤགས་བསྡམ་ཚུལ་བཞིན་དུ་མཛད་པས་རྒྱ་མཚོ་ཆེན་པོ་རོ་དང་མི་འགྲོགས་པ་བཞིན་དུ་ཉེས་པས་མི་གོས་པ་ཡིན་ནོ། །གཞན་ཡང་མགོན་མེད་པ་དང༌། སྐྱབས་མེད་པ་དང༌། དཔུང་གཉེན་མེད་པའི་སེམས་ཅན་ཉམ་ཐག་པ་དག་གཟིགས་པའམ་གསན་པ་ཙམ་གྱིས་རང་དབང་མེད་པར་སྤྱན་ཆབ་འབྱུང་ཞིང༌། དེ་དག་ལ་ཕན་པའི་ཐབས་ཁོ་ན་ལྷུར་མཛད་པ་དང༌། དབུལ་ཞིང་ཕོངས་པ་རྣམས་གཟིགས་པའམ་གསན་མ་ཐག་ཏུ་ཇི་ལྟར་འདོད་པའི་ཟས་དང་གོས་ལ་སོགས་པ་ལྷུག་པར་སྩོལ་བ་དང༌། རྗེ་རང་གི་ཞལ་ནས་ཀྱང༌། ངེད་ལ་བཟང་པོ་བྱུང་བས་དགའ་ཚོར་དང༌། ངན་པ་བྱུང་བས་སྡུག་རྒྱུ་མེད་པ་ཞིག་ཡོད་པ་ཡིན་ཞེས་བཀའ་སྩལ་བ་ནི་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་ཤིང༌། རང་འདོད་ཀྱི་འཁྲི་བ་དང་བྲལ་བ་སྟེ། དེ་ལ་བརྟེན་ནས་སྐྱེ་བོ་