R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༩༩
[A:༢༩༩]ངན་པ་རང་གིས་རང་ཉིད་ངན་སོང་དུ་ལྷུང་བར་བྱེད་པ་ཁ་ཅིག་གིས་སྐུར་པ་འདེབས་པ་དང༌། ལོག་སྒྲུབ་སྒོ་དུ་མ་ནས་བརྩམས་ཀྱང་དེ་དག་ལ་ཐུགས་འཁྲུགས་པ་མེད་པར་སླར་ཡང་ལྷག་པར་བརྩེ་བའི་སྒོ་ནས་གནོད་ལེན་དུ་ཕན་འདོགས་པ་སོགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཚུལ་ལས་ནམ་ཡང་གཡོ་བ་མེད་པ་ཡིན་ནོ། །ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་དབང་བསྐུར་བ་རྣམས་ལེགས་པར་གསན་ཕྱིན་ཆད་བྱ་བའི་རྒྱུད་ཀྱི་སྤྱིའི་དམ་ཚིག་གསུམ། ཁྱད་པར་གྱི་དམ་ཚིག་བཅུ་གསུམ། སྤྱོད་པའི་རྒྱུད་ལ་ཐུན་མོང་མ་ཡིན་པའི་དམ་ཚིག་བཞི། རྣལ་འབྱོར་གྱི་རྒྱུད་ལ་ཁས་བླངས་ཀྱིས་ཐོབ་པ་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག །ཆོ་གས་ཐོབ་པའི་དམ་ཚིག་དཔལ་མཆོག་ནས་བཤད་པ་བཅུ། རྡོ་རྗེ་འབྱུང་བ་ནས་བཤད་པ་གཅིག་སྟེ་བཅུ་གཅིག །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དབང་བཞི་སོ་སོའི་དམ་ཚིག་རྣམས་ཀྱང་སྲུང་སྡོམ་གྱི་ར་བ་ལས་ནམ་ཡང་མི་འདའ་བར་མཛད་ཅིང༌། དེའི་ངང་ནས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དཔལ་ལྡན་བླ་མ་དམ་པ་རྣམས་དང་ལྷག་པའི་ལྷ་ཐ་མི་དད་པར་འདུ་ཤེས་པའི་སྒོ་ནས་ཐུགས་དད་བསམ་གྱིས་མི་ཁྱབ་པས་གསོལ་བ་འདེབས་པ་དང༌། གོང་དུ་བཤད་པའི་ཡི་དམ་གྱི་ལྷའི་ལྗགས་བསྙེན་རྣམས་མཛད་པ་དང༌། དུས་རྒྱུན་གྱི་ཐུགས་དམ་ཉམས་བཞེས་ཀྱི་རིམ་པའང་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཉམས་ལེན་གྱི་གནད་ཟབ་མོ་དང་མ་བྲལ་བའི་སྒོ་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་དང༌། དཔལ་ཀྱེ་རྡོ་རྗེ་ཕྱི་ནང་སྦྲགས་མའི་མངོན་རྟོགས་ལམ་དུས་ཀྱི་དབང་བླང་བ་དང་བཅས་པ་ཤིན་ཏུ་རྒྱས་པ་དང༌། རྣལ་འབྱོར་དབང་ཕྱུག་གི་སྲུང་བ་དང༌། ནཱ་རོ་མཁའ་སྤྱོད་མ་སྟེ་ས་སྐྱ་པའི་ཆག་མེད་བཞིར་གྲགས་པ་རྣམས་དང༌། འཇམ་དབྱངས་དཀར་པོ་དང༌། དབྱངས་ཅན་