[A:༣༠༠]མ་དཀར་དམར་གཉིས་དང༌། འབྱུང་འདུལ་དང༌། མགོན་དཀར་དང༌། རྡོ་རྗེ་བྲག་རྫོང་མ་རྣམས་ཀྱི་མངོན་རྟོགས་བཟླས་པ་དང་བཅས་པ་དང༌། སྤྱན་རས་གཟིགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བའི་ཛཾ་སེར་ནག་གི་ཆུ་སྦྱིན་དང༌། གཏོར་མ་བརྒྱ་རྩ་དང༌། དབྱུ་གུ་དྲུག་ཅུ་རྩ་བཞི་དང༌། ཡི་དྭགས་ལ་ཆུ་སྦྱིན་དང་བཅས་པ་རྣམས་དང༌། གཏོར་བསྔོས་ཀྱང་ཀྱེ་རྡོ་རྗེ། མཁའ་སྤྱོད་མ། འབྱུང་པོ་འདུལ་བྱེད། སེང་གདོང་མ། མགོན་དཀར། རིགས་བྱེད་མ། གུར། ཞལ། དུར་བདག །ལས་མགོན། སྟག་ཞོན། དམག་ཟོར་མ། བེཀྩེ། མཁའ་འགྲོའི་སྤྱི་སྟེ་དེ་རྣམས་ལ་གཏོར་འབུལ་གྱི་ཆོ་ག་ཤིན་ཏུ་རྒྱས་པ་དང་བཅས་པ་རྣམས་མ་ཆག་པར་མཛད་ཅིང༌། དེའང་བཀའ་ཆོས་འཆད་ཉན་གྱི་སྐབས་མ་གཏོགས་རྒྱུན་པར་སྔ་དྲོ་ནས་ཉི་མ་ཕྱེད་མ་ཟིན་ཙམ་གྱི་བར་དུ་ཐུགས་དམ་ཁོ་ན་དང༌། དེ་ནས་སྐབས་སུ་བབ་པའི་ཐུགས་བྲེལ་རྣམས་བཅད་དེ། སླར་ཡང་དགོངས་མོས་སྲིབ་ནས་བཟུང་སྟེ་མཚན་ཕྱེད་མ་ཟིན་ཙམ་གྱི་བར་དུ་ཐུགས་དམ་ཁོ་ན་ལ་གཞོལ་བར་མཛད་པ་ཡིན་ལ། ཁམས་ཕྱོགས་སུ་ཆིབས་བསྐྱོད་བསྐྱངས་པའི་དུས་སོགས་སྐབས་འགར་ཐུག་བྲེལ་ཤིན་ཏུ་ཆེ་བའི་སྐབས་ཀྱང་ཉིན་མོ་བཀའ་ཆོས་འཆད་སྤེལ་སོགས་མཛད་ཅིང༌། མཚན་མོ་ཐུགས་དམ་ཁོ་ན་ལ་གཞོལ་བས་གཏོར་བསྔོས་གྲུབ་པ་དང་ནམ་ལང་པ་འང་ཤིན་ཏུ་མང་ཞིང༌། དེ་ལྟ་བུའི་བརྩོན་འགྲུས་ཀྱིས་མཉམ་པ་བཞག་པའི་རྣལ་འབྱོར་རྣམས་དང༌། མཉམ་པར་མ་བཞག་པའི་རྣལ་འབྱོར་ཐམས་ཅད་ལྟག་སྤྲད་དེ་ཉམས་སུ་བཞེས་པ་ལ་བརྟེན་ནས་དུས་སྐད་ཅིག་ཙམ་ལའང་ཐ་མལ་པའི་རྣམ་པར་རྟོག་པ་སྐྱེ་བའི་སྐབས་མི་རྙེད་པ་ཡིན་ནོ། །རྟོགས་པའི་ཡོན་ཏན་ཉམས་སྣང་ལ་སོགས་པའང་བདག་ཅག་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྐལ་པ་དང་མཐུན་པར་མཐོང་ཐོས་ཅུང་