R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༠༦
[A:༣༠༦]དགེས་པ་མེད་མོད། ཆོས་སྲུང་རྣམས་ནི་མ་བཅོལ་ཡང་བསྟན་དགྲ་རྡུལ་དུ་རློག་པ་ཆོས་ཉིད་ཡིན་པ་ལྟར། ཕ་རོལ་པོ་དེ་དག་ཀྱང་མི་རིང་བར་ལྔ་པའི་ལམ་དུ་གྱུར་པ་ནི་བསྟན་སྲུང་རྣམས་བྲན་དུ་འཁོལ་བའི་ནུས་པ་ཡིན་པར་མངོན་ཏེ། རྒྱུ་མཚན་ཅིས་ཤེ་ན། འདྲེ་མཐོང་བ་ཁ་ཅིག་གིས་མགོན་ཁང་ནང་ནས་མི་ནག་པོ་གཉིས་བྱུང་སྟེ། དེ་དག་གིས་མ་རུངས་པ་དེ་ཁྲིད་ནས་ཚུར་འོང་བ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །ཡང་ནོར་ལྷའི་རིགས་འགའ་ཞིག་གི་རྗེས་སུ་གནང་བ་སྩལ་བའི་ཚེ། གཏོར་མ་ལས་ཆུ་བབས་པ་མངོན་སུམ་དུ་མཐོང་བ་དང༌། ངོར་དུ་བཞུགས་སྐབས་ཞིག་གནལ་ལམ་དུ། སྡེ་དགེ་དགོན་ཆེན་གྱི་ལྷ་སར་འཁྲིས་དེར་ཁམ་བུའི་ལྗོན་པ་སྡོང་པོ་གསུམ་འདུག་ཀྱང༌། མེ་ཏོག་དང་འབྲས་བུ་སོགས་མེད་པའི་དཔངས་དམའ་བ་ལས་མི་སྣང༌། དེའི་ཕར་ཕྱོགས་ཐམས་ཅད་བྱེ་ཐང་ལྟ་བུ་ཉམས་མི་དགའ་བ་ཞིག་གཟིགས་པས་ཐུགས་མི་བདེ་སྙམ་བྱེད་པ་ཞིག་བྱུང་བ་ལ་དཔགས་ན་ལྷ་སྲས་རིན་པོ་ཆེ་དམ་ཚིག་རྡོ་རྗེ་པ་སྐུ་མཆེད་གསུམ་ཀའང་སྐུ་ཚེ་ཕྲིན་ལས་ཧ་ཅང་རྒྱུན་མི་རིང་བ་དང༌། དེ་རྗེས་ཙམ་སྡེ་དགེའི་བསྟན་སྲིད་ལའང་བར་སྟོངས་ཞིག་འོང་རྒྱུ་ཨེ་ཡིན་ཅེས་བཀའ་སྩལ་ཞིང་ཐུགས་ཁྲལ་གྱི་རྣམ་པ་མཛད་པ་དང༌། ལྷ་སྲས་བླ་མ་བོད་དུ་ཕེབས་པའི་སྐད་ཅ་གསན་སྐབས་མནལ་ལམ་དུ། ངོར་གྱི་ལ་ཆུང་ལ་ནས་ཉི་མ་ཞིག་འཆར་བྱུང་ཡང༌། རྒྱང་ཙམ་ཤར་ནས་ཕྱིར་འགྲོས་བྱས་ཏེ་སྐར་མ་ལྟ་བུའི་འོད་མེད་པའི་ཇེ་ཆུང་ཞིག་ཏུ་ཡལ་སོང་བ། ཁོང་པ་སྐྱེ་བརྒྱུད་བཟང་བ་འདྲ་ཞིག་ཨེ་ཡིན་ཀྱང༌། སྐུ་ཚེ་དང་ཕྲིན་ལས་བསྟན་ཕན་སོགས་ཆེན་པོ་རང་འོང་དཀའ་བ་འདྲ་ཞེས་ཕེབས་པ་དག་ཕྱིས་སུ་ཇི་ལྟ་བ་བཞིན་ཐོག་ཏུ་སོན་པ་དང༌། གཞན་ཡང་དུས་ཕྱིས་བལ་བོད་དམག་འཁྲུགས་ཀྱི་སྐབས། དབུས་གཙང་གི་འབྱོར་ལྡན་ཕལ་ཆེ་བས་ནོར་རྫས་གཞན་དུ་སྤོ་བ་སོགས་བྱེད་ཀྱང༌། རྗེ་