R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༠༧
[A:༣༠༧]འདིས་དེ་ཙམ་གྱི་སྐྱོན་མི་འོང་བའི་ཚུལ་གསུངས་པའང་དེ་ཁོ་ན་ལྟར་མངོན་དུ་གྱུར་པ་སོགས་དེ་འདྲའི་རིགས་ཅན་ཤིན་ཏུ་མང༌། སྤྱིར་ཡང་རྒྱུན་པར་ཐུགས་བརྟག་ཞུ་བའི་ཚེ་ནི་ཅིའང་མི་མཁྱེན་པའི་ཚུལ་གྱིས་འཇམ་དབྱངས་རྡེལ་མོ་སོགས་ལ་ནན་ཏན་དུ་གཟིགས་ཏེ་དེ་ནས་འབྱུང་བ་བཞིན་ལུང་སྟོན་པར་མཛད་ལ། དེའང་ཇི་ལྟར་གསུངས་པ་བཞིན་ཐོག་ཏུ་ཁེལ་བ་ཁོ་ན་འབྱུང་མོད། །དེ་བས་ཀྱང་སྐབས་འགར་ཐོལ་བྱུང་དུ་བཀའ་སྩལ་པ་རྣམས་ཤིན་ཏུ་ཏིག་ཆེ་བར་སྣང་ཞིང༌། དེ་ལ་བརྟེན་ནས་སྡེ་དགེ་ཆོས་རྒྱལ་ཆེན་པོ་སོགས་ཞལ་སློབ་དང་སྦྱིན་བདག་རྒྱུས་ཡོད་པ་ཕལ་ཆེ་བས་ནི་ཐུགས་བརྟག་ཞུ་བ་ལས་གསུང་སྒྲོས་ཀྱི་ཚིག་ཟུར་ལ་བརྟག་པ་ཉིད་ལེགས་ཟེར་བ་ཁོ་ན་འབྱུང༌། མདོར་ན་མངོན་པར་ཤེས་པ་ཐོགས་མེད་དུ་མངའ་བར་གདོན་མི་ཟ་ནའང༌། བདག་ཅག་སོ་སོ་སྐྱེ་བོ་རྣམས་ཀྱི་སྣང་ངོ་དང་མཐུན་པར་ཅིའང་མི་མཁྱེན་པའི་ཚུལ་འབའ་ཞིག་མཛད་པར་མངོན། གཞན་ཡང་སྐུ་དངོས་ཀྱིས་དབང་བསྐུར་བ་དང༌། བྱིན་གྱིས་བརླབས་པས་ནི་འགལ་རྐྱེན་ལས་གྲོལ་བ་སྨོས་ཅི་དགོས། ལྗགས་ཆབ་དང་གསང་ཆབ་ཚུན་གྱིས་ཀྱང་སྐྱེ་བོ་མང་པོ་ནད་གདོན་ལས་གྲོལ་བ་སོགས་ངོ་མཚར་བའི་རྣམ་ཐར་བསམ་ལས་འདས་པ་ཡིན་ནོ། །མདོར་ན་རང་ཉིད་སྤངས་པ་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་ཡང༌། རྒྱགས་པ་དང་དྲེགས་པ་ལྟ་ཅི། སྐྱེ་བོ་དམན་པ་ཤིན་ཏུ་ཉམ་ཆུང་བ་ཚུན་ཆད་ལའང་ཞེ་ས་དང་བཅས་པའི་གཏམ་གྱིས་མགུ་པར་མཛད་ཅིང༌། དེ་ལ་བརྟེན་ནས་མཚན་དཔེ་རྗེས་མཐུན་པ་ཐོབ་པས་བལྟ་བས་ཆོག་མི་ཤེས་པར་མཛེས་ཤིང་བརྗིད་ཆགས་ལ་ཚུལ་ཁྲིམས་ཀྱི་དྲི་བསུང་རིང་དུ་འཐུལ་བའི་སྐུ་མཐོང་བ་དང༌། གདུལ་བྱ་སོ་སོའི་བློ་དང་འཚམས་པར་འདོད་རྒུར་འཆར་བས་རྣ་བར་