R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༦༣
[A:༡༦༣]བླ་བྲང་གཞུང་དུ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། མཁན་པོ་བརྟན་མཁས་ཀྱི་ཡོན་ཏན་དུ་མ་ལ་དབང་བསྒྱུར་བ་བྱམས་པ་ནམ་མཁའ་འཆི་མེད་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་དང༌། ལས་ཀྱི་སློབ་དཔོན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་མཁས་ཤིང༌། དེའི་བསླབ་པའི་གནས་མཐའ་དག་སྟོན་པ་ལ་རྣམ་དཔྱོད་ཀྱི་མགྲིན་པ་ཡངས་པ་དཔོན་སློབ་རིན་པོ་ཆེ་ངག་དབང་དམ་ཆོས་པ་དང༌། གསང་སྟེ་སྟོན་པའི་སློབ་དཔོན་གནས་བརྟན་འདུལ་བ་འཛིན་པ་བསོད་ནམས་ཚུལ་ཁྲིམས་ལ་སོགས་པ་དད་པའི་དགེ་འདུན་བཅུའི་དབུས་སུ་རྗེ་འདི་དང་ཕན་ཁང་ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་པ་རིན་ཆེན་གཉིས་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ལེགས་པར་བཞེས་པར་མཛད་དོ། །དེའི་ཚེ་སྐྱེས་བུ་དམ་པ་འདི་རབ་ཏུ་བྱུང་བས་སངས་རྒྱས་ཀྱི་བསྟན་པ་དང་ལྷའི་ཕྱོགས་ནི་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བར་གྱུར་ལ། ནག་པོའི་ཕྱོགས་དང་ལྷ་མ་ཡིན་རྣམས་ནི་མར་གྱི་ངོ་བཞིན་དུ་འགྲིབ་པར་གྱུར་ཏོ། །དེ་ལྟ་བུའི་སྙན་པའི་གྲགས་པས་སའི་སྟེང་ཐམས་ཅད་ཁྱབ་པར་གྱུར་ཅིང༌། ས་བླའི་ལྷ་རྣམས་ཀྱིས་རྒྱལ་ཆེན་རིས་བཞི་པའི་ལྷ་རྣམས་དང༌། རྒྱལ་ཆེན་རིས་བཞི་པ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པ་རྣམས་ལ་བསྒྲགས་ཤིང༌། དེ་བཞིན་དུ་འོག་མིན་གྱི་བར་དུ་བསྒྲགས་པར་གྱུར་ཏེ། མདོ་དྲན་པ་ཉེ་བར་གཞག་པ་ལས་སྐྱེས་བུ་དམ་པ་རྣམས་རབ་ཏུ་བྱུང་བའི་ཚེ་འདི་ལྟ་བུ་འབྱུང་བར་བཤད་པའི་ཕྱིར་རོ། །དུས་དེ་ཉིད་ནས་བཟུང་སྟེ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གི་དངོས་པོ་དང་འདྲ་བར་གྱུར་ཏེ་ཞི་ཞིང་དུལ་ལ་བག་ཡོད་པའི་སྒོ་ནས་ལྟུང་བ་སྡེ་ལྔ་ཆར་གཏོགས་དང་བཅས་པའི་དྲི་མ་མཐའ་དག་དང་བྲལ་ཞིང༌། གཉེན་པོའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཆར་གཏོགས་དང་བཅས་པ་ལས་ནམ་