R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༠༨
[A:༣༠༨]སྙན་ཅིང་སྙིང་ལ་འབབས་པའི་གསུང་བདུད་རྩྀའི་སྒྲ་དབྱངས་ཟབ་མོ་ཐོས་པ་ཙམ་གྱིས་ཀྱང་མོས་གུས་བཅོས་མ་མ་ཡིན་པ་སྐྱེ་བ་ཁོ་ན་འབྱུང་བ་ཡིན་ཏེ། གངས་ཅན་གྱི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་ཞལ་སྔ་ནས་མཚན་ཉིད་ཀྱི་གསན་པ་རྫོགས་པའི་མཚམས། སྔགས་ཀྱི་སྨིན་གྲོལ་རྒྱ་ཆེ་བ་ཞིག་གསན་བཞེས་མཛད་རྒྱུ་བྱུང་ན། སྔོན་སྐྱབས་མགོན་ལྔ་པ་རིན་པོ་ཆེའི་རྣམ་ཐར་ལྟར་དཔལ་ལྡན་ས་སྐྱ་པའི་གསུང་ངག་སློབ་བཤད་དང༌། གསེར་ཆོས་བཅུ་གསུམ། མགོན་པོ་ཆེ་ཆུང་སོགས་སྙན་བརྒྱུད་ཟབ་མོའི་སྐོར་རྣམས་རྗེ་འདི་ལས་གསན་པའི་ཐུགས་འདུན་འཁྲུངས་ཞེས་བཀའ་སྩལ་ཚུལ་ངེས་པ་ཅན་ཐོས་པ་དང༌། སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་སི་ཏུར་ཆོག་སྤྲུལ་རིན་པོ་ཆེ་ལྟ་བུས་ཀྱང༌། རྗེ་འདི་ཉིད་འབྲེལ་ཚད་དོན་ལྡན་དུ་གཟིགས་པའི་ཐུགས་མོས་ཆེན་པོས་སྔ་ཕྱིར་སྐྱབས་འཇུག་གི་རྟེན་ཆེད་དུ་འབུལ་བར་མཛད་པས་མཚོན་མཆོག་དམན་བར་མ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྔགས་པའི་མེ་ཏོག་འཐོར་ཞིང་ཟང་ཟིང་གི་འབྱོར་པ་རྒྱ་མཚོའི་སྤྲིན་ལྟ་བུས་མངོན་པར་མཆོད་པ་དང༌། ལྷག་པར་རང་ཉིད་བརྩེ་ཆེན་སྙིང་པོའི་ཞབས་ཀྱི་རིང་ལུགས་ལ་ཤེས་ནས་དད་པ་ཐོབ་པ་བཞིན་དུ། རིས་སུ་མེད་པའི་གྲུབ་མཐའ་གཞན་ལའང་དེ་ལྟ་བུའི་དག་སྣང་ཕྱོགས་མེད་དུ་རྒྱས་པ་སོགས་རྣམ་པར་ཐར་པ་ཕྱོགས་གང་ནས་གཞིག་ཀྱང་ལེགས་པ་འབའ་ཞིག་ལས་སྐྱོན་གྱི་རྣམ་པ་ཅུང་ཟད་ཀྱང་མི་མངའ། དེ་ལྟར་ན་སངས་རྒྱས་དངོས་འཇིག་རྟེན་དུ་བྱོན་པར་སྣང་ཡང༌། བདག་ཅག་སོ་སོ་སྐྱེ་བོ་ལས་དང་ཉོན་མོངས་པས་བསྒྲིབས་པ་རྣམས་ཀྱིས་ནི་སོ་སྐྱེ་རང་རྒྱུད་པར་མཐོང་བ་འདི་ནི་ཤིན་ཏུ་འཁྲུལ་ཚབས་ཆེ་བ་ཞིག་གོ །འགའ་ཞིག་རྡོ་རྗེ་ཐེག་པ་ལ། །བརྟེན་ནས་སོ་ཐར་འདོར་བྱེད་པ། །འཁྱགས་པའི་སྟེང་གི་ཁང་པ་བཞིན། །