R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༡༣
[A:༣༡༣]ལ། ཚུལ་འདི་ལྟ་བུ་ནི་འཕགས་པ་ཉན་ཐོས་པ་རྣམས་བཅོམ་ལྡན་འདས་ཀྱིས་ཡུལ་ཡངས་པ་ཅན་དུ་སྐུ་ཚེ་བྱིན་གྱིས་བརླབ་པའི་ཕྱིར་འཆི་བདག་གི་བདུད་བཏུལ་བར་འདོད་པ་དང་ཚུལ་མཚུངས་པ་ཡིན་ནོ། །དེ་ནས་ཀྱང་སྐྱེས་བུ་དམ་པ་འདི་ཡུན་རིང་པོར་མི་བཞུགས་པའི་སྔ་ལྟས་སུ། ལྕགས་བྱ་ཧོར་ཟླ་བཅུ་གཉིས་པའི་འཇུག་ཏུ་ཐར་རྩེ་རང་གིས་ཆོས་སྲུང་རྣམས་ལ་སྐོང་བ་བརྒྱ་ཚར་ཚོགས་པའི་སྐབས་ཀྱི་ཚེས་ཉེར་བརྒྱད་ཉེར་དགུ་རྣམས་ལ་དུས་མ་ཡིན་པའི་རླུང་ཆེན་པོ་ལྡང་བ་དང༌། དཔལ་ཨེ་ཝྃ་ཆོས་ལྡན་གྱི་ཆོས་གྲྭ་འདིར་སྔོན་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་དམ་ལ་བཏགས་པ་ཡིན་སྐད་ཀྱི་དགོན་པའི་ཉེ་སྐོར་དུ་སྤྱང་ཀི་སོགས་མི་འབྱུང་ཞིང༌། གལ་སྲིད་བྱུང་ཡང་ལྟས་ངན་དུ་འཛིན་པ་ཞིག་ཡོད་པ་ལ། འདི་ལོ་དགོན་པའི་ཉེ་སྐོར་དུ་སྤྱང་ཀི་རྒྱུག་པ་དང༌། ཐར་རྩེ་རང་གི་ཕོ་བྲང་དང་ཉེ་བའི་སར་ཝ་བརྒྱལ་བ་དང༌། ཁྱད་པར་ཆུ་ཁྱི་ཧོར་ཟླ་དང་པོའི་ནང་ཨེ་ཝྃ་པའི་ལམ་འབྲས་ལྷ་ཁང་དུ་བཞུགས་པའི་ངོར་ཆེན་རྡོ་རྗེ་འཆང་གི་འདྲ་སྐུ་རིན་པོ་ཆེའི་ཞལ་རས་ཀྱི་ངོས་སུ་སྤྱན་ཆབ་བསིལ་བའི་རྗེས་ལྟ་བུ་ཞིག་འདུག་པ་ཐོག་མར་གྲྭ་པ་གཅིག་གིས་མཐོང་ཞིང༌། དེ་རྗེས་ཐར་རྩེ་ནས་ལམ་འབྲས་ལྷ་ཁང་དུ་བླ་མཆོད་ཅིག་བགྱིས་པའི་ཚེ་དེར་ཡོད་པའི་གྲྭ་པ་བརྒྱད་ཙམ་གྱིས་མཐོང་བ་དང༌། དེ་ནས་རིམ་གྱིས་ཐམས་ཅད་ཀྱིས་མངོན་སུམ་དུ་གྱུར་ཅིང་སྤྱན་ཆབ་ཀྱི་རྗེས་ཀྱང་དེ་རྗེས་ཡུན་རིང་དུ་གནས་པ་དང༌། གཞན་ཡང་སྔ་ཕྱི་ཅི་རིགས་པར་ཕལ་ཆེ་བའི་རྨི་ལམ་དུ་ཉི་ཟླ་གཟས་འཛིན་པ་སོགས་བྱུང་ཞེས་གླེང་བ་དང༌། ཁམས་བོད་ཀུན་ཏུ་དུས་ཀྱི་འཁྲུགས་ལོང་མི་བཟད་པ་འབྱུང་བའི་མགོ་ཚུགས་པ་སོགས་མི་དགེ་བའི་མཚན་མ་མང་པོ་མངོན་སུམ་དུ་ལྷགས་པར་གྱུར་ཏེ། དེ་ལྟ་བུ་ནི་གང་ཟག་དམ་པ་འདི་ཞིང་ཁམས་གཞན་དུ་གཤེགས་པར་བཞེད་པས་ནག་པོའི་ཕྱོགས་ཀྱི་བདུད་དང་བདུད་ཀྱི་རིས་སུ་གཏོགས་པ་རྣམས་