R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༡༤
[A:༣༡༤]མགོ་འདེགས་ཤིང༌། དཀར་པོའི་ཕྱོགས་ཀྱི་ལྷ་དང་སྲུང་མར་བཅས་པ་མཐའ་དག་ཡིད་མི་དགའ་ཞིང་མྱ་ངན་གྱི་ཆུ་ཚན་སྙིང་གི་དབུས་ནས་ཁོལ་བའི་ལྟས་དང༌། དེ་ལ་བརྟེན་ནས་ཕྱོགས་འདིར་རྗེས་སུ་བརྩེ་བའི་སྐྱོབ་པ་རྣམས་ཀྱང་ཐུགས་སྐྱོ་བའི་ཚུལ་བསྟན་པར་མངོན་ལ། རྣམ་པ་གཅིག་ཏུ་ན། སྐྱེས་བུ་དམ་པ་འདི་ལྟ་བུ་འཇིག་རྟེན་དུ་བྱོན་པ་ན་དེའི་བསོད་ནམས་ཀྱིས་འཇིག་རྟེན་ཐམས་ཅད་བདེ་བར་འཚོ་ཞིང༌། དེ་ཉིད་གཞན་དུ་གཤེགས་པ་ན་འཇིག་རྟེན་འདིར་མི་དགེ་བ་འབྱུང་བ་ཆོས་ཉིད་ཡིན་ཏེ། སྔོན་རྒྱལ་པོ་ཟླ་འོད་ཀྱི་དབུ་སྦྱིན་པར་གཏོང་བའི་ཚེ། འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་མགོ་བོའི་རྒྱན་དུས་གཅིག་ཏུ་ས་ལ་ལྷུང་ཞིང་ས་གཡོས་པ་དང༌། སྐར་མདའ་ལྟུང་བ་དང༌། བཀྲ་མི་ཤིས་པ་སྣ་ཚོགས་བྱུང་ཞིང༌། མི་རྣམས་ཀྱང་ཚེའི་དུས་བྱས་ནས་ལྷའི་གནས་སུ་སྐྱེས་སོ་ཞེས་གྲགས་པ་དང༌། བོད་འདིར་ཡང་འཇམ་པའི་དབྱངས་དངོས་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འདས་པ་ན་ལོ་ཉེས་དང༌། འཁྲུགས་ལོང་བྱུང་བར་གྲགས་པ་སོགས་མདོར་ན་གང་ཟག་དམ་པ་ཕལ་ཆེ་བ་ཞིང་གཞན་དུ་གཤེགས་པའི་ཚེ་དེ་ལྟར་བྱུང་བའི་ཚུལ་མང་དུ་བཤད་པའི་ཕྱིར་རོ། །གཞན་ཡང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདི་དུས་རྒྱུན་དུའང་སྤྱིར་མཁྱེན་རབ་ཀྱི་ཀློང་ཆེ་ཞིང༌། གསུང་སྒྲོས་སོགས་ཀྱང་བརྗིད་ཆགས་ཞིང་ཡིད་དུ་འབབ་པ་ཞིག་ཡོད་པར་མ་ཟད། ལྷག་པར་ལྕགས་བྱ་ལོར་སྐུ་བསྙུན་པའི་ཚུལ་བསྟན་པ་ནས་བཟུང་སྔར་བས་ཀྱང་གསུང་སྒྲོས་རྣམས་བརྗིད་ཆགས་ཤིང༌། མཁྱེན་རབ་ཀྱི་ཀློང་ཡང་ཆེར་སོང་བ་ལྟ་བུར་སྣང་བ་དང༌། མངོན་པར་ཤེས་པའང་དུས་རྒྱུན་དང་ཅུང་མི་འདྲ་བའི་ཐོགས་པ་མེད་པར་སྣང་སྟེ། རྗེ་རང་གི་ཞབས་འབྲིང་བས་རིན་ཆེན་རིལ་བུ་ཞིག་ཞུས་པར། སྡེ་དགེ་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་གྱི་