R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༡༥
[A:༣༡༥]སྐུ་དུས་སུ་བསྡུས་པའི་རིལ་བུ་དེའི་ནང་ནས་གཅིག་ལོངས་གསུངས་པ་ལྟར་ལེན་པར་བརྩམས་པའི་ཚེ་ཁོ་རང་གི་བསམ་པ་ལ། སྡེ་དགེ་བློ་གྲོས་རྒྱ་མཚོའི་སྐུ་དུས་སུ་བསྡུས་པའི་རིལ་བུ་དེ་ནས་གཅིག་བྱུང་ན་སྙམ་པ་སེམས་ལ་ཤར་མ་ཐག །རྗེ་རང་གི་ཞལ་ནས་ང་ལ་ཁྱད་པར་སྤུ་ཙམ་ཡང་མེད་ཅིང༌། ཁྱོད་ཀྱིས་བློ་གྲོས་རྒྱ་མཚོའི་སྐུ་དུས་སུ་བསྡུས་པའི་རིལ་བུ་དེ་ལ་དགའ་བར་བྱེད་ཀྱིན་འདུག་པས། དེ་ནས་རྡོག་གཅིག་ལོངས་ཞེས་གསུངས་བྱུང་བས་ཇི་ལྟར་མཁྱེན་པ་ཡིན་སྙམ་པ་ལྟ་བུའི་ངོ་གནོང་བ་ཞིག་བྱུང་ཟེར་བ་དང༌། ཡང་འགའ་ཞིག་གིས་ལྐོག་ཏུ་བྱིན་རྟེན་འདྲ་ཞུ་ཕོད་མིན་ཟེར་བའི་སྐབས་ཀྱང༌། རྗེའི་ཞལ་ནས་དེ་གར་བྱིན་རྟེན་འདྲ་དགོས་ཟེར་མཁན་མི་འདུག་གམ་གསུངས་པ་སོགས་དེ་འདྲའི་རིགས་མང་བ་དང༌། ལྕགས་བྱ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་བཅུ་དྲུག་གི་སྐོར་ཞིག་ཏུ་རྗེའི་ཞལ་ནས། མདོ་ཁམས་ནས་མཆོག་སྤྲུལ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ་ཕྲན་བུའི་སྐུ་ཁམས་བདེ་མིན་འདྲ་བྱུང་མེད་དམ་སྙམ་པ་འདུག་ཅིང༌། ངེད་ཀྱི་རྨི་ལམ་དུའང་མཆོག་སྤྲུལ་རིན་པོ་ཆེ་བཞུགས་གདན་སྲབ་མོ་ཞིག་ལ་བཞུགས་འདུག་པའི་སྣང་བ་ཞིག་བྱུང་བས། དེ་ལ་དམིགས་པའི་ཞབས་བརྟན་འདྲ་བྱེད་དགོས་ཞེས་བཀའ་སྩལ་པའང་རྗེས་སོར་དེ་ཁོ་ན་ལྟར་བྱུང་སྣང་བ་དང༌། ཡང་ཧོར་ཟླ་གསུམ་པ་འདི་དུས་འཁོར་བའི་ལུགས་ཀྱི་ལོ་མགོ་ཡིན་གཤིས་ངེད་ཀྱི་ཁམས་མི་བདེ་བ་འདིའང་ཆུ་ཁྱི་ཧོར་ཟླ་གཉིས་པའི་མཇུག་དང་གསུམ་པའི་ནང་བཟང་ཐག་ངན་ཐག་ཆོད་པ་ཞིག་བྱུང་འོང་འགྲོའམ་སྙམ་ཞིང༌། དེར་སྐྱོན་ཆེན་རང་མ་བྱུང་ཚེ་ད་དུང་ཟླ་བ་ཁ་ཤས་མི་སྡོད་པའི་ངེས་པ་མེད་ཅེས་གསུངས་པ་དང༌། ཡང་ཆབ་ཆུའི་བསྙུན་གཞི་འདྲས་སྐྱོན་མི་འོང་ངམ་སྙམ་ནས་དེ་ལ་ཕན་པའི་གསོལ་སྨན་འདྲ་ཕུལ་བའི་ཚེའང་སྨན་དེ་མི་བཟའ། ངེད་སྤོས་སྐྲངས་དང་ཆུའི་སྐྱོན་