R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༡༦
[A:༣༡༦]གྱིས་འཆི་བར་མི་འགྱུར་ཞེས་བཀའ་སྩལ་པའང་རྗེས་སོར་དེ་ཁོ་ན་ལྟར་གྱུར་པ་སོགས་ལྐོག་གྱུར་གྱི་ཆོས་མཐའ་དག་ཚུལ་བཞིན་མཁྱེན་པའི་གསུང་མང་དུ་བྱོན་པ་དང༌། སྐུ་ཁམས་དངོས་ནི་ཆུ་ཁྱི་ཧོར་ཟླ་དང་པོའི་ནང་གསོལ་ཆས་ལ་དྭང་ག་ཇེ་ཞན་དུ་སོང་བའི་རྐྱེན་གྱིས་སྐུ་རླུང་ཤས་ཆེ་བ་ཙམ་ལས་བསྙུན་གཞིའི་རིགས་ཆེ་བ་ཅིའང་མི་སྣང་བ་དང༌། ཞབས་བརྟན་གྱི་རིགས་ཀྱང་དེ་སྐབས་རྒྱུན་ཆད་མེད་པར་གང་ལྕོགས་སྒྲུབ་མུ་ཡིན་རུང༌། སྐུ་ཁམས་ནི་དེ་མུས་ལས་ལྷག་ཏུ་དྭངས་སྐྱེད་དུ་མངོན་པ་ཅི་ཡང་མ་མཆིས་ཤིང༌། ཟླ་བ་དེའི་མཇུག་ཏུ་གུས་ཕྲན་པས། སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི་སྐུ་ཁམས་སྐྱོན་ཆེ་བ་རང་མ་བྱུང་ཚེ་བདག་གིས་མཚམས་ཟླ་བ་གཅིག་གཉིས་ཙམ་སྡོད་རྒྱུ་དང༌། གལ་སྲིད་སྐུ་ཁམས་བབས་ལྕི་བར་སོང་བ་སོགས་བྱུང་ཚེ་དེ་འཕྲལ་དུ་མཚམས་གྲོལ་བ་གཞིར་བཞག་ཡིན་ཚུལ་ཞུས་པར། ངེས་པར་མཚམས་སྡོད་རྒྱུ་བྱས་ན་ལེགས་ཚུལ་དང༌། ངེད་གཟུགས་བབས་ལྕི་བ་སོགས་བྱུང་ཚེ་དེ་འཕྲལ་ཁྱོད་ལ་བྱ་གཏོང་ཡོང་ཚུལ་དང༌། ཁྱོད་རང་ཡང་དུས་རྒྱུན་དུ་ཚེ་སྒྲུབ་འདྲ་ལ་ནན་ཏན་བྱས་ན་ལེགས་ཚུལ་སོགས་བཀའ་སྩལ་པ་དང༌། གཞན་ཡང་དེ་སྐབས་ཤིག་ཏུ་གུས་ཕྲན་ལ་དངོས་པོའི་གསོལ་རས་འདྲ་སྩལ་ཏེ་སྐད་ཆ་ཞིབ་པར་རྗེས་སོར་འབྱུང་བ་ཡིན་མོད། ཁྱོད་ཀྱིས་ཨེ་ཝྃ་པའི་བསྟན་པ་ལ་ཕན་གང་ཐོགས་བྱེད་དགོས་ཚུལ་དང༌། ཕྱོགས་འདིར་རིག་གནས་འདྲའང་དར་བའི་ཐབས་གང་དྲག་བྱེད་དགོས་ཚུལ་བཀའ་ཕེབས་པར། སྤྱིར་གུས་ཕྲན་རང་ལ་བསྟན་པ་ལ་ཕན་འདོགས་ནུས་པའི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་པ་མ་གཏོགས། གཞན་བསྟན་པ་རིན་པོ་ཆེའི་ཞབས་འདེགས་གང་འགྲུབ་ཞུ་བ་བཞིར་བཅས་དང༌། ཁྱད་པར་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ཉིད་བདག་སོགས་གདུལ་བྱ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་