[A:༣༡༧]གསང་གསུམ་རིན་པོ་ཆེ་བསྐལ་བརྒྱའི་བར་དུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དང༌། བདག་ཀྱང་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པར་གསོལ་བ་བཏབ་པས། ད་དུང་ལོ་རེ་གཉིས་འདྲ་སྡོད་པའི་སྨོན་ལམ་འདེབས་དགོས་ཞེས་བཀའ་སྩལ་བྱུང་ཡང་དེ་ནི་བདག་གི་སེམས་འཁྲི་བའི་ཕྱིར་གསུངས་པར་གོར་མ་ཆག་ལ། དེ་རྗེས་ཧོར་ཟླ་གཉིས་པའི་ནང་དུའང་རེས་ཉིན་ལྔ་དྲུག་རེ་ལ་གསོལ་ཆས་ལ་དྭང་ག་སྐྱོན་མེད་ཙམ་ཡོད་པ་དང༌། རེས་ཉིན་ལྔ་དྲུག་རེ་ལ་གསོལ་ཆས་ལ་དྭང་ག་གཏན་ནས་མེད་པ་ལྟ་བུ་རེས་འཇོག་གི་ཚུལ་དུ་སྣང་ཞིང༌། ཁྱད་པར་ཟླ་བ་དེའི་མཇུག་ནས་བཟུང་གསོལ་ཆས་ལ་དྭང་ག་ཇེ་ཞན་དུ་སོང་ཞིང༌། སྐུ་གཟུགས་ཀྱང་བབས་ཇེ་ལྕིར་འགྲོ་བ་ལྟ་བུར་སྣང་བས། ཧོར་ཟླ་གསུམ་པའི་ཚེས་མགོར་བདག་ཀྱང་མཚམས་གྲོལ་ཏེ་སྐུ་མདུན་དུ་བཅར་བས། སྐུ་ཤེད་ཞན་པའི་སྟོབས་ཀྱིས་གསུང་སྒྲོས་སོགས་མཛད་པ་ལ་འོ་བརྒྱལ་བ་ཞིག་འདུག་པ་མ་གཏོགས་གཞན་གསུང་སྒྲོས་དང༌། ཐུགས་རབ་སོགས་སྔར་རྒྱུན་ལྟར་མཆིས་ཤིང༌། དེ་སྐབས་ཚེ་ལྷ་གསུམ་གྱི་ཆོ་ག་ལ་སོགས་པའི་ཞབས་བརྟན་ཀྱང་ཅི་རིགས་པར་བསྒྲུབས་མོད། རྗེ་རང་ནི་ཞབས་བརྟན་རིམ་གྲོའི་རིགས་ལ་ཐུགས་འདུན་གཏན་ནས་མི་མཛད་ཅིང༌། ཞལ་ནས་ཀྱང༌། ཁྱེད་རྣམས་ཀྱིས་ལོ་སྔ་མར་རིམ་གྲོ་གང་འགྲུབ་བྱས་པ་ལ་བརྟེན་ནས་ངེད་ད་བར་བསྡད་པ་ཡིན་མོད། ད་ནི་རིམ་གྲོ་བྱས་ནས་ཀྱང་ཁྱེད་རང་རྣམས་ཀྱང་དཀའ་ཚེགས་ཀྱི་རྒྱུ་ཁོ་ན་དང༌། ངེད་ཀྱང་ད་ན་སོ་རྒས་ཆེས་པས་གཞན་དོན་བྱེད་པ་ཕར་ཞོག །རང་དོན་དུ་ཁ་ཏོན་ཡང་གྲུལ་བཏུབ་པ་ཞིག་མི་ཐུབ་པའི་ལུས་རྟེན་འདི་ལྟ་བུ་བསྡད་པ་བས་ཤི་བ་ལེགས། ད་ལུས་རྟེན་འདི་བོར་ནས་ལུས་རྟེན་གསར་པ་འདྲ་