R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༦༤
[A:༡༦༤]ཡང་མི་འདའ་བར་བཞུགས་པ་ཡིན་ནོ། །གཞོན་ནུ་ཉིད་ནས་བྱང་སེམས་ཀྱི། །རླབས་ཆེན་སྤྱོད་པས་འཁྱུད་པ་ཡི། །སྙན་གྲགས་ཨུཏྤལ་དཀར་པོའི་ཕྲེང༌། །ཕྱོགས་ཀྱི་བུ་མོའི་རྒྱན་དུ་བྱིན། །དེ་མཐོང་སྐྱེ་བོ་ཕལ་མོ་ཆེའི། །ངག་ལ་དབྱངས་ཅན་ཞུགས་པ་བཞིན། །བསྟོད་པའི་རོལ་མོ་འབུམ་འཁྲོལ་བ། །དྲི་ཟའི་ཕང་འགྲོའི་གླུ་ལས་སྙན། །ཤེས་བྱ་ནམ་མཁའ་དང་མཉམ་པ། །ཐུགས་ཆུད་འཆི་མེད་སར་འཛེགས་དེས། །ལུང་བསྟན་གླིང་བུ་བསྒྱུར་བའི་མོད། །ཕན་བདེའི་འདོད་པ་འགྲུབ་ལ་ཉེ། །གངས་ལྗོངས་འགྲོ་བའི་བསོད་ནམས་ཀྱི། །རིན་ཆེན་རྡུལ་མང་ལས་གྲུབ་པའི། །ཨེ་ཝྃ་ཆོས་ཀྱི་ཕོ་བྲང་ནི། །ས་ལ་འོག་མིན་འཕོས་པ་བཞིན། །རྒྱལ་བ་ལས་ཀྱང་རྙེད་དཀའ་བའི། །གསང་སྔགས་ཆོས་ཀྱི་མཛོད་གྱུར་པ། །གང་དེར་སོན་པ་ཙམ་གྱིས་ཀྱང༌། །འཁོར་བའི་ནད་ཀུན་ཞི་བར་བྱེད། །དེ་ལྟའི་ལོངས་སྤྱོད་རྫོགས་ཞིང་དེར། །པདྨའི་མཚོ་ལ་ངང་མོ་བཞིན། །ཞུགས་པས་སྲིད་པ་ཧྲུལ་པོ་རུ། །བྱེད་པའི་སྟ་གོན་ཐོག་མར་བརྩམས། །གཟོད་ནས་ཐམས་ཅད་མཁྱེན་ཟིན་ཀྱང༌། །འགྲོ་འདིའི་དོན་སླད་ཡི་གེ་ནས། །རྒྱུད་ཀྱི་རྒྱལ་པོ་གཉིས་མེད་བར། །རྣམ་དཔྱོད་བློ་ཡི་མཛོད་དུ་བཅུག །མཐོང་བ་ཙམ་གྱི་ཆུ་ཀླུང་གིས། །སྒྲིབ་པའི་དྲི་མ་ཀུན་འཁྲུད་པ། །དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེ། །དད་པའི་སྤྱན་གྱི་བདུད་རྩིར་བྱས། །ཁྱད་པར་སྲིད་པའི་བདེ་བ་ལ། །ཆགས་པའི་མདུད་པ་རབ་བཀྲོལ་ནས། །རྣམ་གྲོལ་གླིང་དུ་བགྲོད་པའི་ཕྱིར། །སོ་ཐར་སྡོམ་པའི་ཤིང་རྟར་ཞུགས། །ཡང་ཅིག་ཐེག་ཆེན་སེམས་བསྐྱེད་ཀྱི། །སྡོམ་པའི་གོ་ཆ་རབ་གྱོན་ནས། །བྱང་ཆུབ་སེམས་ཀྱི་མཚོན་རྣོན་པོས། །བདག་ཏུ་འཛིན་པའི་དགྲ་ཚོགས་བཅོམ། །དེས་ཀྱང་བློ་གྲོས་མ་ཚིམ་པར། །གསང་སྔགས་སྡོམ་པའི་རྐང་མགྱོགས་ཀྱིས། །བཅུ་གསུམ་རྡོ་རྗེ་འཛིན་པའི་སར། །ཚེ་འདིར་བགྲོད་པའི་མཐུ་ལྡན་བྱས། །ཆུ་བོའི་རྒྱུན་ལས་མེ་ལྕེ་དང༌། །ཟླ་བའི་ཟེར་ལས་དུག་བཞིན་དུ། །ཁྱོད་