[A:༣༡༨]བླངས་ན་དེས་དགའ་བར་འདུག་ཁོ་ན་གསུངས་པ་དང༌། ཟླ་བ་དེའི་ཚེས་བརྒྱད་ཀྱི་ཉིན་བྱིས་པ་དཔེ་ཆ་ཤེས་པ་འགའ་ཞིག་ལ་ཆོས་སྤྱོད་དང་བླ་མཆོད་ལ་བློ་གསོ་གྱིས། ཟླ་བ་འདིའི་ཚེས་བཅུ་བཞི་ཙམ་ནས་བླ་མཆོད་འདྲ་འདོན་དགོས་ཞེས་བཀའ་སྩལ་སོང་བ་ནི་བདག་ཅག་རྨོངས་པ་རྣམས་ལ་བརྡ་ཐབས་ཞིག་མཛད་པར་མངོན་མོད། ཕྱིས་སུ་གོ་བ་ཙམ་དང༌། གཞན་ཡང་དེ་སྐབས་རྣམས་སུ་ཐུགས་དམ་གཏོར་མ་འདི་རྣམས་བརྗེ་དགོས་ཞེས་ཡང་ཡང་གསུང་བ་དང༌། ཁྱད་པར་ཚེས་བཅུ་གཉིས་ཀྱི་ཉིན་དགེ་བཤེས་བསོད་ནམས་བཟང་པོ་ལ། ཁྱོད་ཀྱིས་ངའི་ཐུགས་དམ་གཏོར་མ་འདི་རྣམས་གསར་དུ་བཟོ་དགོས། དེའང་གནང་ཉིན་ཚེས་བཅུ་བཞི་ཆོས་སྐྱོང་གི་དུས་ཆེན་ལ་གཏོར་མ་རྣམས་ངེས་པར་བཤམས་ཐུབ་པ་ཞིག་དགོས། ད་ངེད་ནད་འདི་ལས་ཐར་བར་མི་འདྲ་ནའང༌། མ་ཤི་གོང་དུ་གཏོར་མ་འདི་རྣམས་མ་བརྗེས་པའི་ཐབས་མེད་ཅེས་བཀའ་སྩལ་སོང་བ་ལྟར་དེ་མ་ཐག་ནས་གཏོར་མའི་རྒྱན་རྣམས་བཟོ་བའི་མགོ་བཙུགས་ཤིང༌། ཚེས་བཅུ་གཉིས་བཅུ་གསུམ་གཉིས་ལ་སྐུ་ཁམས་ཀྱང་ཅུང་ཟད་ཉོག་ཏུ་སོང་སྣང་ཞིང༌། དེ་དག་གི་བར་བར་གྱི་ཐུགས་རབ་གསལ་བའི་སྐབས་རྣམས་སུ། །སྦྱོར་ལམ་རྩེ་མོ་ཐོབ་པའི་རྟགས་སུ་ལུས་ལ་སྲིན་བུའི་རིགས་མེད་པ་དང༌། སྦྱོར་ལམ་བཟོད་པ་ཐོབ་ནས་ངན་སོང་དུ་མི་འགྲོ་བར་བཤད་པ་དང༌། གཞན་ཡང་སྦྱོར་ལམ་དེ་དག་ཐོབ་པའི་རྟགས་སུ་ཇི་འདྲ་བཤད་པ་ཡོད་ཅེས་ཡང་ཡང་བཀའ་འདྲི་སྩལ་འདུག་པར། བདག་གིས་དེ་སྐོར་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་པ་ལྡེབ་རེ་གཉིས་འདྲ་གཟིགས་རྟོགས་ཕུལ་བས། དེ་ལའང་ཞིབ་པར་གཟིགས་པ་སོགས་ནན་ཏན་ལྟ་བུར་མཛད་འདུག་པ་ནི། སྦྱོར་ལམ་དེ་དག་གང་རུང་ཞིག་ཐོབ་པར་ཞལ་གྱིས་