R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༡༩
[A:༣༡༩]བཞེས་པར་སེམས་ལ། གཞན་ཡང་ཆོས་ཀྱི་བགྲོ་གླེང་འདྲའང་ཅི་རིགས་པར་མཛད་པ་དང༌། དེ་རྗེས་ཚེས་བཅུ་གསུམ་གྱི་ནུབ་མོ་ཤིན་ཏུ་སྐུ་བསྙེལ་བ་ཞིག་བྱུང་སོང་ཞིང༌། ཁྱད་པར་ཚེས་བཅུ་བཞིའི་སྔ་དྲོ་ཉི་མ་རྩེ་ཤར་ཙམ་ན་སྐུ་ལུས་ལ་སྲ་བཟུང་རྒྱུ་མེད་ཅིང༌། གསུང་སྒྲོས་སྩལ་བ་རྣམས་ཀྱང་ཆེར་མི་གོ་བ་དང༌། ཕྱག་རྩའང་གཏན་ནས་མེད་པ་ལྟ་བུར་སྣང་བས། བདག་ཅག་རྣམས་ནི་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། ཀྱེ་མ་ད་ནི་བདག་ཅག་སྐལ་མེད་རྣམས་ཀྱི་བསོད་ནམས་ཀྱིས་མི་འཆུན་པར་ཐག་ཆོད་དོ་སྙམ་པ་ཤར་ཞིང༌། བདག་གིས་སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་ད་དུང་ཡང་ཞབས་པད་ཡུན་རིང་དུ་བརྟན་པར་གསོལ་བ་འདེབས་པ་ལགས་མོད། འོན་ཀྱང་མཇལ་ཡུལ་དང༌། བསྙུན་གཞི་སོགས་གང་ནས་བརྟགས་ཀྱང་ཡུན་རིང་མི་བཞུགས་པར་ཐག་ཆོད་པ་ལྟ་བུར་སྣང་བས། ད་ཆ་བདག་ཅག་རྣམས་ཀྱིས་རྗེས་ཀྱི་བྱ་བ་ཇི་ལྟར་བགྱི། ཐུགས་དམ་ལ་ཡུན་ཇི་ཙམ་བཞུགས། སླར་ཡང་བདག་ཅག་འགྲོ་བ་རྣམས་ཀྱི་མགོན་དུ་སྤྲུལ་པའི་འཛུམ་ཞལ་མྱུར་དུ་སྟོན་པ་དང༌། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱང་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་གསོལ་བ་བཏབ་པས། གསུང་སྒྲོས་གསུང་པ་ལ་ཤིན་ཏུ་སྐུ་བསྙེལ་བ་ཞིག་འདུག་ནའང་ཐུགས་རུས་ཀྱི་རྣམ་པས། ངེད་ཀྱིས་དེ་སྔོན་ཨེ་ཝྃ་པའི་བསྟན་པ་འདི་ཤིན་ཏུ་དར་བ་ཞིག་བྱུང་ན་སྙམ་ནས་མཆོག་སྤྲུལ་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་ཨེ་ཝྃ་དུ་གདན་དྲངས་པ་སོགས་བྱས་པ་ཡིན་ཅིང༌། དེ་ལ་བརྟེན་ནས་བསྟན་པ་ཅུང་ཞིག་དར་བར་གྱུར་ནའང༌། སྙིགས་དུས་སུ་སོང་བས་ཧ་ཅང་བསྟན་པ་དར་ཞིང་རྒྱས་པ་ཞིག་མི་ཡོང་འདུག །ད་ཆ་ཨེ་ཝཾ་པའི་བསྟན་པ་འདི་ཁྱོད་ཀྱི་ལག་ཏུ་བཞག་པ་ཡིན་པས་སྒོ་དུ་མ་ནས་དར་བའི་ཐབས་གང་དྲག་བྱེད་དགོས་ཚུལ་རྒྱུ་མཚན་དང་བཅས་པ་དང༌། དེ་སྔོན་ངེད་རང་གི་ཚེ་ལ་དཀོན་མཆོག་ལ་མཆོད་པ་དང༌། དགེ་འདུན་ལ་བསྙེན་བཀུར་བ་