[A:༣༢༠]སོགས་ཅི་འགྲུབ་བྱས་པ་ཡིན་ཞིང༌། ད་ཆ་དེས་མ་འཐུས་པའི་རྗེས་ཀྱི་བྱ་བ་རྒྱ་ཆེན་ཅིའང་མི་དགོས་པའི་ཚུལ་དང༌། ཇི་ལྟར་བྱ་བའི་ཚུལ་རྣམས་ནི་ཁྱོད་རང་གིས་བབས་བལྟས་བྱས་པས་ཆོག་ཚུལ་དང༌། ཐུགས་དམ་ཡང་ཞག་བཅུ་སྐོར་ཙམ་དགོས་པ་ཨེ་ཡིན་སྙམ་པ་དང༌། ཕྱིན་ཆད་སྐྱེ་བ་འདྲའང་ལེན་པའི་སྨོན་ལམ་འདེབས་དགོས་ཚུལ་དང༌། འོན་ཀྱང་སྐད་ཆ་ཞིབ་པར་རྗེས་སོར་འབྱུང་ཞིང༌། ད་དུང་གཞན་ཡང་རེ་གཉིས་དྲན་པ་བྱུང་ཚེ་རྗེས་སུ་མངགས་དམ་བྱ་དགོས་ཚུལ་བཀའ་ཕེབས་པར། བདག་གིས་དེང་སྐབས་ནམ་དུས་འདིའང་ཤིན་ཏུ་དྲོ་བར་འདུག་པས་ཐུགས་དམ་དེ་ཡུན་ཇི་ཙམ་ཞིག་ལེགས་ཞུས་ཀྱང༌། དེ་ལ་བཀའ་ལན་དམིགས་བསལ་ཅིའང་སྩལ་མ་བྱུང་ཞིང༌། དེ་ནས་ད་ལྟ་ངེད་རིག་པ་ཤིན་ཏུ་འཐིབས་པ་ཞིག་འདུག་པས་ཅུང་ཟད་ཅིག་འདིར་བསྡད་ནས། དེ་ནས་གཟིམ་ཆུང་རྣམ་རྒྱལ་ཕོ་བྲང་དུ་འགྲོ་དགོས་གསུངས་པ་ལ། བདག་གིས་ཅུང་ཕེབས་ཨེ་ཐུབ་ཅེས་ཞུས་པར། ངེད་འཆི་ས་དེ་རྣམ་རྒྱལ་ཕོ་བྲང་དུ་ལེགས་པར་འདུག་གསུངས་བྱུང་ཞིང༌། དེ་ནས་གསུང་སྒྲོས་ཀྱང་བཀའ་སྩལ་རྒྱུ་མེད་པ་ལྟ་བུར་ད་ནི་ཞི་བར་གཤེགས་སམ་སྙམ་པ་ལྟ་བུར་སྣང་ཞིང༌། སྐུ་འཁོར་བ་ཐམས་ཅད་ནི་མྱ་ངན་གྱི་གོང་བུར་གྱུར་འདུག་པ་ལ། བདག་གིས་བླ་མ་ལ་གསོལ་བ་འདེབས་ནུས་ན་ཐུགས་རྗེ་ལ་ཉེ་རིང་མེད་ཚུལ་འདྲ་གླེང་བ་དང༌། དེ་ནས་གཟིམ་ཆུང་རྣམ་རྒྱལ་ཕོ་བྲང་དུ་གདན་དྲངས་ཏེ་བཞུགས་སུ་གསོལ་ཞིང༌། སངས་རྒྱས་ཀྱི་འཕེལ་གདུང་ཞིག་ཞལ་དུ་གསོལ་རུང་ཅིའང་མི་མཁྱེན་པ་ལྟ་བུར་སྣང་ལ། དེ་རྗེས་ཡུན་ཅུང་ཟད་ཅིག་ནས་ཐུགས་ཇེ་དྭངས་སུ་གྱུར་ཏེ་ཉིན་ཕྱེད་མ་ཟིན་ཙམ་ན་ཐུགས་རབ་ཤིན་ཏུ་གསལ་ཞིང༌། ཕྱག་རྩའང་སོར་ཆུད་པར་གྱུར་ལ། དེ་ནས་བདག་ལ་བཤད་མ་ཐག་པའི་སྔ་དྲོ་བཀའ་སྩལ་པ་རྣམས་ཡང་བསྐྱར་ཀྱི་ཚུལ་དུ་ཤིན་ཏུ་རྒྱས་པ་རྒྱུ་མཚན་དང་བཅས་པ་དང༌། ངེད་ན་ས་དང་