[A:༣༢༡]འཆི་ས་ཐམས་ཅད་ལྷ་ཁང་གི་ནང་དུ་བྱས་པ་འདི་ཤིན་ཏུ་བློ་འཚེར་བ་ཞིག་འདུག་པས་དེའི་སྒྲིབ་སྦྱོང་ལྟ་བུར་ལྟུང་བཤགས་དང༌། གནས་བརྟན་བཅུ་དྲུག་གི་ཞལ་ཐང་རེ་བཞེངས་རྒྱུ་ཡིན་པ་ལ། དེའི་ནང་ནས་ལྟུང་བཤགས་ནི་ཁར་སེང་ནས་བཞེངས་ཚར་བ་ཡིན་ཅིང༌། ད་གནས་བཅུའི་ཞལ་ཐང་ཞིག་ངེས་པར་བཞེངས་དགོས་པ་དང༌། ཨེ་ཝཾ་པའི་གཙུག་ལག་ཁང་དུ་ཡོད་པའི་གཤེད་དམར་ལྷ་ལྔའི་དཀྱིལ་ཐང་དེ་ཤིན་ཏུ་བགྲེས་པོར་སོང་སྣང་བས། གཤེད་དམར་གྱི་དཀྱིལ་ཐང་ཞིག་གསར་དུ་བཞེངས་ནས་སྦྱོར་འཇགས་བྱ་དགོས་པ་དང༌། བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་མཚམས་ཚད་ལྡན་རེ་གཞག་དགོས་སྙམ་པའི་ནང་ནས། ནག་དྲིལ་གཉིས་ཀྱི་མཚམས་དེ་སྔོན་བཞག་ཚར་བ་ཡིན་ཞིང༌། ད་ལཱུ་ཧི་པའི་མཚམས་ཞིག་ངེས་པར་གཞག་དགོས་ཚུལ་དང༌། གཞན་རྗེས་ཀྱི་བྱ་བ་རྒྱ་ཆེན་ཅིའང་མི་དགོས་པའི་ཚུལ་བཀའ་སྩལ་བྱུང་ཞིང༌། དེ་ནས་ཐུགས་དམ་གཏོར་མ་རྣམས་ཀྱང་བཟོས་ཚར་ནས་དེར་སླེབས་བྱུང་བ་ལ། རྗེ་རང་གིས་ཞིབ་པར་གཟིགས་ནས། གཏོར་མའི་རྒྱན་གྱི་མེ་ཏོག་ལ་སོགས་པ་གང་ཅི་ནས་ཤིན་ཏུ་ལེགས་པར་བྱུང་འདུག་ཅེས་གསུངས་ཤིང་ཐུགས་མཉེས་མཉེས་མཛད་པ་དང༌། དེ་རིང་ངེད་ཀྱི་གཏོར་གཞི་སྤོས་པའི་དགའ་སྟོན་ཡིན་པས་མཁན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོའི་དབུ་བྱས་པའི་འདིར་ཡོད་ཐམས་ཅད་ལ་འཕར་ཇ་དང༌། འབྲས་སིལ་རེ་བཟོས་གསུངས་པའང་དེ་ཁོ་ན་ལྟར་བགྱིས་པ་དང༌། དེ་ནས་བདག་ལ་ཐོག་མར་འདིར་གྲྭ་པ་ཞིག་གིས་ལམ་དུས་དང༌། གཏོར་བསྔོ་འདོན་པ་སོགས་བགྱིས་ཀྱང་རྟེན་འབྲེལ་འདྲ་ལའང་ཅུང་མི་བཏུབ་པ་འདྲ་བས། ཁྱོད་ཀྱིས་དེ་རིང་ནས་བཟུང་ཞག་བདུན་གྱི་བར་ལ་གནས་ཁང་འདིར་ལམ་དུས་དང་གཏོར་བསྔོ་རྣམས་མ་ཆག་པར་གྱིས། དེ་ནས་གྲྭ་པ་འདྲ་ལ་འདོན་དུ་བཅུག་པས་ཆོག་ཅེས་