R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༢༥
[A:༣༢༥]དང་བཅས་པ་ཉིན་རེ་བཞིན་ཐུན་གཉིས་སུ་བཅད་ནས་ཉམས་སུ་བླངས་པ་དང༌། ཞི་བར་གཤེགས་པ་ནས་བཟུང་ཐུགས་དམ་མ་གྲོལ་གྱི་བར་ལ་སྐུའི་གཟི་མདངས་དུས་རྒྱུན་པས་ལེགས་ཤིང༌། སྐུ་ཤ་དཀར་བ་དང༌། ཞལ་རས་ཀྱི་ངོས་སུ་གཉེར་མའང་ཆེར་མེད་པའི་གཞོན་ཤ་ཆགས་པར་མཆིས་ཤིང༌། དེ་ནས་ཟླ་བ་དེའི་ཚེས་བཅུ་དགུའི་ནུབ་མོ་བདག་གི་རྨི་ལམ་དུའང༌། རྗེ་རང་ཉིད་བསྙུན་གཞི་ལས་གྲོལ་བའི་སྣང་བ་ཟ་ཟི་འདྲ་བྱུང་བ་དང༌། རྗེ་འདིའི་ཞལ་སློབ་ཧོར་ཉག་བྲག་སྤྲུལ་སྐུའི་མནལ་ལམ་དུའང༌། རྗེ་འདི་ཐུགས་དམ་ལས་གྲོལ་ཏེ་ཕྱག་ན་བུམ་པ་ཞིག་བསྣམས་ཏེ་དབང་བསྐུར་བའི་སྣང་བ་བྱུང་ཞེས་གསུངས་ཤིང༌། གང་ལྟར་ཡང་ཚེས་ཉི་ཤུའི་ནམ་མ་ལངས་ཙམ་ནས་བཟུང་སྟེ་དེ་ཉིན་ནམ་མཁའ་ཐམས་ཅད་ཁ་དོག་སྣ་ཚོགས་པའི་འཇའ་སྤྲིན་གྱིས་གང་བ་དང༌། ཉི་གུར་ཕུབ་པ་སོགས་ཐམས་ཅད་ལ་མངོན་སུམ་དུ་སྣང་བས། དགོན་པའི་གྲྭ་པ་ཕལ་ཆེ་བས་ཀྱང་དེ་རིང་ཐུགས་དམ་ལས་གྲོལ་བ་གདོན་མི་ཟ་ཞེས་གླེང་བ་བྱུང་ཞིང༌། མཚམས་པ་ཁ་ཅིག་གིས་ནི་འཇའ་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་བ་རིང་ཐུང་གསུམ་ཤར་འདུག་ཅེས་ཟེར་ཞིང༌། གང་ལྟར་ཡང་ཉི་མ་ཕྱེད་ཡོལ་ཙམ་ན་ཐུགས་དམ་ལས་གྲོལ་བའི་རྟགས་སྔར་གྱི་ཞལ་མདངས་གློ་བུར་བ་དེ་ཡལ་བ་དང༌། དབུ་མདུན་དུ་ཅུང་ཟད་གུག་པ་དང༌། ཤངས་བུག་གཡས་ནས་བྱང་སེམས་དམར་པོ་ནར་ཙམ་ཞིག་བབས་འདུག་པས། སླར་ཡང་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ཏེ། དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་རྣམས་ཀྱིས་མཆོད་པའི་ཁྱད་པར་སྣ་ཚོགས་པས་མཆོད་ཅིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་བཀྲ་ཤིས་པའི་ཆོ་ག་དང་བཅས་པའི་