[A:༣༢༦]སྒོ་ནས་མཆོག་གི་གྲོང་ཁྱེར་དུ་གཤེགས་ཏེ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་སུམ་མཛད་པར་གདོན་མི་ཟའོ། །སྔར་ཚེས་བཅུ་བཞིའི་ཉིན་བདག་ལ་གནས་ཁང་འདིར་ལམ་དུས་དང་གཏོར་བསྔོ་ཞག་བདུན་གྱིས་ཞེས་བཀའ་སྩལ་པའི་ཞག་བདུན་ཡང་ཚེས་ཉི་ཤུའི་ཉིན་རྫོགས་འགྲོ་བར་སྣང་བས། དེའང་མ་འོངས་ལུང་སྟོན་པའི་གསུང་དུ་མངོན་ནོ། །དེ་ནས་སྒྲུབ་ཐབས་རིན་ཆེན་འབར་བ་ལས། རང་ཉིད་ལྷ་ཡི་རྣལ་འབྱོར་ལས། །བདུད་རྩི་འཁྱིལ་བ་བཟླས་པ་ཡི། །དྲི་ཞིམ་ཆུ་ཡིས་དང་པོར་བཀྲུ། །རྣམ་སྣང་མཛད་དུ་དེ་བསམས་ནས། །ཞེས་གསུངས་པ་ལྟར་ཚེས་ཉི་ཤུའི་ནུབ་མོ་དང༌། ཚེས་ཉེར་གཅིག་གི་ཐོ་རངས་བཅས་སུ་བདག་ཅག་ཁ་ཤས་ཀྱིས་དཔལ་ཀྱེ་རྡོ་རྗེ་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བའི་སྒོ་ནས། ལས་ཐམས་ཅད་པའི་བུམ་པ་ཚུལ་བཞིན་དུ་བསྒྲུབས་ཤིང༌། དེ་ནས་ཚེས་ཉེར་གཅིག་གི་ཉི་མ་རྩེ་ཤར་ཙམ་ན་སྐུ་གདུང་རིན་པོ་ཆེར་ན་བཟའ་བཟང་པོ་དང་བཅས་ཏེ་བཞུགས་ཁྲིའི་ཁར་བཞུགས་སུ་གསོལ་ནས། དད་པ་ཅན་ཐམས་ཅད་ལ་མཇལ་ཁ་བཏང་སྟེ་གསོལ་བ་དང་སྨོན་ལམ་འདེབས་སུ་བཅུག་པ་དང༌། དེ་ནས་གྲྭ་པ་ཁ་ཅིག་གིས་གཟིམ་ཆུང་གཞན་ཞིག་ཏུ་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ཐིག་བཏབ་ཅིང༌། བདག་ཅག་ཁ་ཤས་ཀྱིས་ཉི་དྲོས་ཕྱི་མ་ཙམ་ན་འཇིག་རྟེན་ཀུན་གྱི་མཆོད་སྡོང་བླ་ན་མེད་པའི་སྐུ་གདུང་རིན་པོ་ཆེར་གོང་དུ་བསྒྲུབས་པའི་བུམ་པའི་ཆུས་སྐུ་ཁྲུས་ལེགས་པར་གསོལ་ཞིང༌། དེ་ནས་ཀྱང་ཇི་སྐད་དུ་དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་རྒྱས་པ་ལས། སྐུ་གསུང་ཐུགས་ཀྱི་རིག་སྔགས་གདགས། །རང་གི་ལྷའམ་གཞན་ཡང་རུང༌། །སྙིང་པོ་སྙིང་གར་གདགས་པར་བྱ། །ཁྲུས་ཀྱིས་དག་བྱས་བདུད་རྩིས་བྱུག །ཅེས་འབྱུང་ངོ་ཞེས་སློབ་དཔོན་བྲམ་ཟེ་ནག་པོ་ཞབས་ཀྱི་གཞུང་ལས་གསུངས་པ་ལྟར་སྐུ་གསུང་ཐུགས་