R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༢༧
[A:༣༢༧]ཀྱི་ས་བོན་དང༌། དཔལ་དགེས་པ་རྡོ་རྗེའི་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་རྣམས་གོག་པུ་ལ་བྲིས་ཤིང་དྲི་བཟང་བས་བྱུགས་པ་རྣམས་གནས་གསུམ་དུ་སྦྱར་བ་དང༌། དྲི་བཟང་པོ་དང༌། བསིལ་སྨན་སྣ་ཚོགས་པ་ལྷན་ཅིག་ཏུ་སྦྱར་བའི་ལྡེ་གུས་ཡོངས་སུ་བྱུགས་ཤིང༌། རས་སེར་པོ་མང་པོས་ལེགས་པར་དཀྲིས་པ་དང༌། དབུ་རྒྱན་དང༌། སྟོད་གཡོགས་སྨད་གཡོགས་ལ་སོགས་པའི་ལྷ་རྫས་ཀྱི་ན་བཟས་མཛེས་པར་སྤྲས་ཏེ། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གང་དུ་བཞེངས་པའི་གནས་ཀྱི་གཟིམ་ཆུང་དུ་སྤྱན་དྲངས་ཏེ། སྤོས་མར་མེ་ཞལ་ཟས་རྣམས་རེ་རེ་ནས་བརྒྱ་ཕྲག་ལྔ་ཙམ་དང་བཅས་པའི་མཆོད་པའི་བྱེ་བྲག་མཐའ་ཡས་དབུས་སུ་གདུང་སྒྲོམ་གྱི་བཞུགས་ཁྲིའི་སྟེང་དུ་བཞུགས་སུ་གསོལ་ལོ། །དེ་ནས་བདག་ཅག་དགེ་སློང་བཅུས་སྐུ་གདུང་རིན་པོ་ཆེ་རྣམ་སྣང་དགེས་པ་རྡོ་རྗེར་ཡན་ལག་བཞི་རྫོགས་སུ་བསྐྱེད་དེ་བཟླས་པ་བྱ་བ་སོགས་རྗེ་བཙུན་རིན་པོ་ཆེས་མཛད་པའི་ཀྱེ་རྡོར་དུས་ཐའི་ཆོ་ག་གཞན་ཕན་བདུད་རྩི་སོགས་ནས་ཇི་ལྟར་འབྱུང་བ་བཞིན་བགྱིས་སོ། །དེའི་ཚེའང་གདུང་ཁྲུས་དང་པོར་གསོལ་བ་དང་མཉམ་དུ་ནམ་མཁར་སྤྲིན་གྱི་ཕུང་པོ་གློ་བུར་དུ་འདུས་ཏེ། །གནམ་ལོ་འདིར་དེ་སྔོན་འབྲུག་སྐད་གྲག་པ་གཏན་ནས་མ་ཐོས་པས། དེ་ཉིན་འབྲུག་སྐད་ཐོག་མའི་ཚུལ་དུ་ཤིན་ཏུ་གསལ་བ་ལན་གཉིས་བསྒྲགས་ཤིང༌། མེ་ཏོག་གི་དབྱིབས་ལྟ་བུ་ཡོད་པའི་གངས་ཟིམ་བུ་ས་གཞི་མདོག་འགྱུར་ཙམ་དུ་བབས་པ་དང༌། དེ་ནས་སྐུ་གདུང་རིན་པོ་ཆེར་ཆས་འབུལ་གྲུབ་ལ་ཉེ་བ་ན། ཉི་མ་ཤིན་ཏུ་དྲོ་ཞིང་ཉི་གུར་ཕུབ་པ་དང༌། འཇའ་སྤྲིན་ཐར་ཐོར་འདྲའ་བཤར་བས་སྐྱེ་བོ་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་པར་གྱུར་ཏོ། །དེ་ནུབ་བདག་ཅག་དགེ་སློང་བཅུས་དཔལ་ཀྱེ་རྡོ་རྗེ་སྟ་གོན་གྱི་ཆོ་ག་བགྱིས་པ་ནས་བཟུང༌། ཞག་ཞེ་དགུའི་བར་དུ་དགེ་སློང་བཅུས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་