R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༢༨
[A:༣༢༨]མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་ལ་སོགས་པ་ཉིན་རེར་ཆོ་ག་ཚར་རེ་མ་ཆག་པར་བགྱིས་པ་དང༌། རྗེ་བཙུན་རིན་པོ་ཆེས་མཛད་པའི་དུས་ཐའི་ཆོ་ག་གཞན་ཕན་བདུད་རྩི་ལས། བདུན་ཕྲག་རེ་རེ་སོང་བ་དང་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་ཅིང་དངོས་གྲུབ་བླངས་ཏེ་གཤེགས་སུ་གསོལ་ལོ། །རྡུལ་ཚོན་ཕྱགས་ཏེ་ཆུ་བོར་དོར་བ་ལ་སོགས་པ་འཇུག་གི་བྱ་བ་རྫོགས་པར་བྱའོ། །ཞེས་སོགས་གསུངས་པ་ལྟར་བདུན་ཕྲག་རེ་རེ་རྫོགས་པའི་མཐར་རྡུལ་ཆེན་གྱི་དཀྱིལ་འཁོར་གཤེགས་སུ་གསོལ་ཞིང༌། སླར་ཐིག་བཏབ་སྟེ་སྟ་གོན་བྱ་བ་སོགས་ཚུལ་བཞིན་དུ་བགྱིས་པ་དང༌། དུས་ཐའི་ཆོ་ག་དངོས་ནི་སྔོན་གྱི་བླ་མ་གོང་མ་རྣམས་ཀྱིས་གང་ཟག་མཆོག་ལ་ཇི་ལྟར་བྱ་བའི་ཚུལ་མང་དུ་བཤད་སྣང་བས། དེ་ལྟར་བྱས་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་རམ་སྙམ་ནས་ཐོག་མར་བདུན་ཕྲག་གཉིས་ཀྱི་བར་ལ་སྐུ་གདུང་རིན་པོ་ཆེ་རྣམ་པར་སྣང་མཛད་ཀྱེ་རྡོ་རྗེར་བསྐྱེད་ཅིང༌། ཡེ་ཤེས་པ་གཞུག་པ་སོགས་བགྱིས་པ་དང༌། དབང་བསྐུར་བ་ནི་རྗེ་བཙུན་རིན་པོ་ཆེའི་གཞན་ཕན་བདུད་རྩི་ལས། བླ་མའམ་གང་ཟག་མཆོག་ལ་བྱེད་ན། དབང་ལ་སོགས་པ་ལེན་མཁན་ནི་གང་ཟག་མཆོག་དེ་ཡིན་ལ། དབང་སྐུར་མཁན་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཡིན་ཞིང༌། བདག་གིས་བླ་མའི་ཞབས་ཏོག་བྱེད་པར་དམིགས་ན་བསོད་ནམས་མཆོག་ཏུ་འགྱུར་གྱིས། གཞན་དུ་ན་བདག་སློབ་དཔོན་ལྟ་བུར་བསྒོམས་ན་ནི་བདག་ཉིད་ལ་ཉེས་པར་འགྱུར་རོ། །དེས་ན་བདག་གཡོག་གམ། ཞབས་ཏོག་བྱེད་པར་བསམ་པ་གལ་ཆེའོ། །ཞེས་བཀའ་སྩལ་པ་ལྟར། དཀྱིལ་འཁོར་གྱི་གཙོ་བོས་དབང་རྣམས་ཕུལ་བར་བསམས་ཏེ། དབང་ཚིག་རྣམས་བདག་གིས་བརྗོད་པ་དང༌། མཎྜལ་འབུལ་བ་དང༌། དབང་རྫས་འབུལ་བ་སོགས་