R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༢༩
[A:༣༢༩]ལས་ཀྱི་རྡོ་རྗེའི་བྱ་བ་ཐམས་ཅད་བདག་གིས་བགྱིས་ཏེ། མདོར་ན་བདུན་ཕྲག་གཉིས་ཀྱི་བར་ལ། དུས་ཐའི་ཆོ་ག་དབང་དང་བཅས་པའི་ཞབས་ཏོག་བགྱིས་པ་དང༌། བདུན་གསུམ་པ་མན་ཆད་ལ་དུས་ཐའི་ཆོ་ག་དང༌། དབང་སོགས་ཀྱི་སྤྲོས་པ་ཅིའང་མ་བྱས་པར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་དམིགས་ཏེ། བདག་ཉིད་འཇུག་ཅིང་དབང་བླང་བ་ཁོ་ན་བགྱིས་པ་ཡིན་ལ། བདུན་ཕྲག་བདུན་པའི་དཀྱིལ་འཁོར་གཤེགས་གསོལ་གྱི་ཉིན་དཔའ་བོའི་སྟོན་མོའམ་ཚོགས་འཁོར་དུ་གྲགས་པ་དང༌། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་དང༌། གཏོར་འབུལ་ལ་སོགས་པ་ཆོ་ག་མཐའ་རྒྱས་ཀྱི་ཚུལ་དུ་བགྱིས་པ་དང༌། དེའང་བདུན་ཕྲག་གཉིས་ལ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་མཁན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོར་ཕེབས་ཤིང༌། དེ་འཕྲོས་ཐམས་ཅད་ལ་བདག་གིས་རྡོ་རྗེ་སློབ་དཔོན་གྱི་ཁུལ་བགྱིས་པ་དང༌། དེ་ཐམས་ཅད་ལའང་ཉིན་རེ་བཞིན་དགེ་སློང་རེ་ལ་ཕྱག་འགྱེད་དངུལ་ཞོ་རེ་ཕུལ་བ་སོགས་བསྙེན་བཀུར་ཞབས་ཏོག་ཟབ་པར་བགྱིས་པ་དང༌། གཞན་ཡང་ཐོག་མར་ཐུགས་དམ་གྲོལ་བ་ནས་བཟུང༌། སྐུ་གདུང་རིན་པོ་ཆེར་ཞུགས་མ་ཕུལ་གྱི་བར་དུ་ཉིན་རེ་བཞིན་སྤོས་མར་མེ་ཞལ་ཟས་རྣམས་རེ་རེ་ནས་བརྒྱ་ཕྲག་གཉིས་གསུམ་རེ་མ་ཆག་པར་ཕུལ་བ་དང༌། དེ་ནས་ཀྱང་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་ཉིན་རེ་བཞིན་རྣམ་གསུམ་བརྒྱ་མཆོད་རེ་མ་ཆད་པར་ཕུལ་བ་དང༌། ཡང་ཞི་བར་གཤེགས་པའི་ཕྱི་ཉིན་ཚེས་བཅོ་བརྒྱད་ནས་བཟུང་སྟེ། དགུང་ཞག་ཞེ་དགུ་མ་རྫོགས་ཀྱི་བར་ཞག་ལྔ་བཅུ་ང་གསུམ་ལ་ཉིན་རེ་བཞིན་དགེ་སློང་བཅུས་སྔ་དྲོ་བདག་བསྐྱེད་བསྙེན་རྒྱས་དང་འབྲེལ་པའི་དཔལ་ཀུན་ཏུ་རིག་པའི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ཆོ་ག་དང༌། ཕྱི་དྲོ་བདག་བསྐྱེད་