R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༣༠
[A:༣༣༠]རྡོ་རྗེ་སེམས་དཔའ་དང་འབྲེལ་བའི་ཀུན་རིག་གི་ཆོ་ག་རེ་སྟེ་ཚར་གཉིས་གཉིས་མ་ཆད་པར་བགྱིས་པ་དང༌། དེའང་བླ་མ་དང་དཀྱིལའཁོར་གྱི་གཙོ་བོ་དབྱེར་མེད་དུ་དམིགས་ཏེ་བདག་ཉིད་འཇུག་ཅིང་དབང་བླང་བ་ཁོ་ན་བགྱིས་པ་ཡིན་ལ། ཁྱད་པར་བདུན་ཚིགས་རེ་རེ་རྫོགས་ཉིན་དགེ་ཚོགས་བྱང་ཆུབ་ཏུ་བསྔོ་བའི་ཕྱིར། ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་བླ་མ་རེ་རེ་གདན་ཞུས་དང་འབྲེལ་བར་དགེ་སློང་ཉི་ཤུ་རེས་ཀུན་རིག་གི་ཆོ་ག་ཚར་གཉིས་རེ་བགྱིས་པ་དང༌། དེ་ཐམས་ཅད་ལའང་ཉིན་རེ་བཞིན་མཆོད་པ་ཤིན་ཏུ་རྒྱས་པ་དང༌། གྲྭ་པ་རེ་ལ་ཉིན་རེར་ཕྱག་འགྱེད་དངུལ་ཞོ་རེ་ཕུལ་བ་སོགས་བསྙེན་བཀུར་ཟབ་པ་དང༌། ཡང་བདུན་ཚིགས་རེ་རེའི་མཚམས་སུ་དགེ་སློང་བཞི་རེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིདྡྷུ་རའི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་སོགས་བགྱིས་པ་དང༌། ཡང་ཨེ་ཝཾ་པའི་ལམ་འབྲས་ལྷ་ཁང་སོགས་དང༌། རྗེ་རང་གི་གཟིམ་ཆུང་ཁག་བཅས་སུ་རེ་མོས་ཀྱིས་ཉིན་རེ་བཞིན་བརྒྱ་མཆོད་རེ་དང་བཅས་ཏེ་དགེ་སློང་བཅུ་སྐོར་རེས་སྔ་ཕྱིར་བླ་མ་མཆོད་པ་ཉིན་ཉི་ཤུ་སྐོར་བགྱིས་པ་དང༌། དེ་དག་སོ་སོར་གྲྭ་པ་རེ་ལ་ཉིན་རེར་ཡོན་འབུལ་དངུལ་ཞོ་རེ་དང་བཅས་པའི་བསྙེན་བཀུར་ཟབ་པ་དང༌། ཐུགས་དམ་གྲོལ་བ་ནས་བཟུང་རིམ་གྱིས་ཨེ་ཝཾ་བླ་བྲང་གཞུང་དུ་མཁན་རིན་པོ་ཆེ་ཁྲི་ཐོག་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་མདུན་དུ་སྐྱབས་མགོན་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ལྗགས་བསྔོ་ཐུགས་སྨོན་ཞུ་མཚོན་ལྷ་གོས། རྡོར་དྲིལ། གོས་ཆེན་གྱི་སྟོད་རྩེ་སྤུས་ལེགས། ཆུང་ཇ་འཁོར་དྲུག་གཅིག་བཅས་ཕུལ་བ་དང༌། དེ་བཞིན་དུ་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས་པ་དང༌། ཁང་གསར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ་བཅས་སོ་སོའི་མདུན་དུའང་ལྗགས་བསྔོ་ཞུ་མཚོན་གྱི་འབུལ་བ་གོང་མཚུངས་