R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༣༥
[A:༣༣༥]པ་ཀུན་གྱིས་ཟེར་ཞིང༌། གང་ལྟར་ཡང་བདུན་ཚིགས་གཉིས་པ་རྫོགས་པའི་རྗེས་སུ། སྤྱིར་ཁང་སྟེང་ལ་སོགས་པའི་ས་དུལ་བ་རྣམས་སུ་ས་ཆོག་མ་བྱས་ཀྱང་ཆོག་མོད། འོན་ཀྱང་བྱས་པ་ཉིད་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བར་སེམས་ནས། ས་ཆོག་མདོར་བསྡུས་ཙམ་སྔོན་དུ་བཏང་ནས་གདུང་ཁང་བརྩིགས་ཤིང༌། དེའང་བུ་སྟོན་གྱིས་མཛད་པའི་མི་འཁྲུགས་པའི་གཤིན་པོ་རྗེས་འཛིན་སོགས་ནས་བསྲེག་ཁང་བརྩིག་ཚུལ་མི་འདྲ་བ་འགའ་རེ་གསུངས་པ་བཞིན་གང་བྱས་ཀྱང་རུང་མོད། འོན་ཀྱང་ཐར་པཎ་གྱི་ཀྱེ་རྡོར་དུས་ཐའི་ཆོ་གར་མྱང་འདས་མཆོད་རྟེན་གྱི་དབྱིབས་སུ་བརྩིགས་པར་བཤད་པ་བཞིན། གདུང་ཁང་མྱང་འདས་མཆོད་རྟེན་གྱི་དབྱིབས་སུ་བརྩིགས་པ་དང༌། སྦྱིན་སྲེག་ཀྱང་ཁ་ཅིག་གིས་འཇིག་རྟེན་པའི་གཏམ་དཔེ་ལ་ཁུངས་སུ་བཅོལ་ནས་སྦྱིན་སྲེག་གཅིག་ཁོ་ན་ལས་མང་པོ་མི་འདོད་པ་ཡོད་མོད། རང་གཞན་གྱི་གྲུབ་མཐའ་མང་པོའི་སྔོན་གྱི་ཕྱག་ལེན་ལ། འབྱོར་པས་ལྕོགས་ན་སྦྱིན་སྲེག་གསུམ་བཞི་ཙམ་ཡང་བྱ་བའི་སྲོལ་བྱུང་འདུག་པ་ལྟར། དེ་ལྟར་བྱས་པ་ལ་འགལ་བ་ཅིའང་ཡོད་པར་མི་སེམས་ཏེ། རང་རང་གིས་ལྷ་དེ་དང་དེར་བསྒོམས་ནས་བསྲེག་རྫས་འབུལ་བ་ཡིན་པས་བློ་གུ་དོགས་པ་དེ་འདྲ་མི་དགོས་པའི་ཕྱིར་རོ། །དེའི་ཕྱིར་ན་ཀྱེ་རྡོར་དང་ཀུན་རིག་གཉིས་ཀྱི་སྒོ་ནས་སྦྱིན་སྲེག་འབུལ་བར་བརྩམས་ཤིང༌། ཐབ་ཀྱི་ཐིག་ཚོན་ཡང་རྒྱུད་སྡེ་གོང་འོག་གི་བབས་དང་བསྟུན་ཏེ་འོག་ཏུ་ཀུན་རིག་དང༌། དེའི་སྟེང་རྒྱ་ལྕོགས་ལྟ་བུའི་སྟེང་དུ་ཀྱེ་རྡོ་རྗེའི་སྦྱིན་སྲེག་གི་དཀྱིལ་འཁོར་བྲིས་པ་དང༌། སྔར་ཀྱེ་རྡོ་རྗེའི་སྒོ་ནས་སྐུ་གདུང་རིན་པོ་ཆེར་གནས་ཡིག་གདགས་པ་དང༌། རྣམ་སྣང་དགེས་པ་རྡོ་རྗེར་བསྐྱེད་པ་སོགས་གྲུབ་ཟིན་པ་ཡིན་ནའང༌། ཀུན་རིག་གི་སྔོན་འགྲོའི་རྡོ་རྗེ་སེམས་དཔའ་བསྐྱེད་པ་དང༌། གནས་ཡིག་གདགས་པ་སོགས་བགྱིས་ཀྱང་མི་འགལ་བར་སེམས་ནས་ཧོར་ཟླ་གསུམ་པ་ཕྱི་མའི་ཚེས་དྲུག་གི་ཉིན། ཀུན་རིག་གི་རྣལ་འབྱོར་པ་