[A:༣༣༦]རྣམས་ཀྱིས་སྐུ་གདུང་རིན་པོ་ཆེ་རྡོ་རྗེ་སེམས་དཔར་བསྐྱེད་པ་དང༌། གནས་ཡིག་གདགས་པ་སོགས་བགྱིས་པ་དང༌། དེ་ནུབ་མཆོད་པའི་བྱེ་བྲག་འགའ་ཞིག་དང་བཅས་ཏེ་སྐུ་གདུང་རིན་པོ་ཆེ་གདུང་ཁང་དུ་སྤྱན་དྲངས་པ་དང༌། དེའི་ཕྱི་ཉིན་ཚེ་བདུན་གྱི་སྔ་དྲོ་མཁས་དང་གྲུབ་པའི་གཙུག་རྒྱན་ཁང་གསར་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་པ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོར་གདན་དྲངས་ཤིང༌། བསྙེན་པ་སོང་བའི་དགེ་སློང་བཅུ་ཕྲག་གཅིག་དང་བཅས་པས་དཔལ་ཀྱེ་རྡོ་རྗེའི་སྒོ་ནས་སྐུ་གདུང་རིན་པོ་ཆེར་ཞུགས་འབུལ་བ་དང༌། ལུང་རིགས་སྨྲ་བ་སྤྲུལ་སྐུ་ཤེས་རབ་རྒྱ་མཚོས་དབུ་བྱས་པའི་དགེ་སློང་ཁ་ཤས་ཀྱིས་བཅོམ་ལྡན་འདས་ཀུན་ཏུ་རིག་པའི་སྒོ་ནས་སྐུ་གདུང་རིན་པོ་ཆེར་ཞུགས་འབུལ་བའི་ཞབས་ཏོགས་རྒྱུད་སྡེ་ནས་ཇི་ལྟར་གསུངས་པ་བཞིན་དུ་བསྒྲུབས་ཤིང༌། དེའི་ཚེའང་ཐོག་མར་སྦྱིན་སྲེག་གི་མགོ་ཚུགས་པ་ནས་བཟུང་སྟེ། དེ་ཉིན་ནམ་མཁའ་ཐམས་ཅད་ཁ་དོག་སྣ་ཚོགས་པའི་སྤྲིན་གྱིས་གང་བ་དང༌། ཁ་དོག་ལྔ་ལྡན་གྱི་འཇའ་རིང་ཐུང་གསུམ་ཙམ་ཤར་བ་དང༌། དགོན་གཤམ་གྱི་གྲོང་པ་རྣམས་ཀྱིས་ཡར་བལྟས་པའི་ཚེ་གདུང་ཁང་གི་སྟེང་དུ་འཇའ་ཁ་དོག་ལྔ་ལྡན་གཉིས་ཟུག་འདུག་ཅེས་གླེང་བ་དང༌། མེ་ཏོག་གི་དབྱིབས་ལྟ་བུ་ཡོད་པའི་གངས་ཐར་ཐོར་འདྲའང་སྐབས་སྐབས་སུ་བབས་པ་དང༌། ཐོག་མར་ཞུགས་འབུལ་བའི་ཚེ་མེ་རང་འབར་ལྟ་བུའི་ཤིན་ཏུ་འབར་སླ་བ་དང༌། དེའི་དུས་ཀྱི་དུད་པ་ནི་ཐོག་མར་གདུང་ཁང་གི་སྟེང་དུ་འཁྱིལ་བ་སྙམ་བྱེད་ཅིང༌། དེ་མ་ཐག་ནས་དུད་པ་རྣམས་དགོན་པའི་ཤར་ངོས་ཀྱི་བསྐོར་ལམ་གྱི་སྟེང་གི་ནམ་མཁར་སོང་ཞིང༌། དེ་ནས་དགོན་པ་ལ་གཡས་སྐོར་ལན་ཅིག་བྱས་ནས། མཐར་ནམ་མཁའི་འཇའ་སྤྲིན་རྣམས་དང་དབྱེར་མེད་དུ་འདྲེས་པའི་ཚུལ་གྱིས་ཡལ་བར་གྱུར་པ་དང༌། མེ་ལྕེ་རྣམས་ཀྱང་ཁ་དོག་དཀར་གསལ་འོད་དང་ལྡན་ཞིང༌། གཞན་དུ་འཁྱག་འཁྱོག་མེད་པར་རྩེ་མོ་རྣམས་རྩ་ལྗང་གཤིབས་པ་ལྟར་གྱེན་ཁོ་ནར་འབར་བའི་ཡ་མཚན་པ་དང༌།