R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༣༧
[A:༣༣༧] སྐབས་སྐབས་སུ་བཀྲ་ཤིས་པའི་རི་མོའི་དབྱིབས་ལྟ་བུར་འབར་བ་དང༌། ཁྱད་པར་དྲི་བཟང་པོས་དགོན་པའི་གླིང་ཐམས་ཅད་ལ་ཁྱབ་པས་སྐྱེ་བོ་མཐའ་དག་ངོ་མཚར་བའི་གནས་ལ་བཀོད་པར་གྱུར་ཏོ། །དེ་ཉིན་མཁན་རིན་པོ་ཆེ་ཁྲི་ཐོག་པའི་མདུན་དུ་གསེར་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་དང༌། ཕྱག་ཏིང་དངུལ་ཐག་ཅན། རྒྱ་རོལ་ཆེ་ལེགས་ཆ། ཟངས་བུམ་དངུལ་ཁམ་ཁ་རྒྱན་དང་བཅས་པ། དངུལ་གྱི་ཏིང་ཕོར་བདུན་ཚར། གོས་ཆེན་སེར་པོ་གསེར་ཊམ་ཅན་གྱི་སྐུ་སྟོད། གོས་ཆེན་གསེར་ཊམ་གྱིས་མཐའ་ལྕགས་བྱས་པའི་སྐུ་གཟན། མགོ་སྣམ་གྱི་ཞབས་ཆགས་འཇའ་ཆེན། ཕྱིང་ཁྲ། ལྗོན་ཇ་འཁོར་དྲུག་གཉིས། འབྲས་དཀར་ལྟང་བཅས་ཕུལ་བ་དང༌། དེ་བྱིངས་ཐམས་ཅད་ལའང་རྣམ་གཞག་དང༌། ཡོན་འབུལ་ལ་སོགས་པའི་བསྙེན་བཀུར་ཟབ་པར་བགྱིས་སོ། །དེ་ནས་མཆོད་པ་དང་བཅས་ཏེ་ཞག་བདུན་སོང་བའི་མཐར་གདུང་ཁང་ཞལ་ཕྱེ་བ་ན་གདུང་རུས་ནི་ཕལ་ཆེ་བ་ཟླ་བ་ལྟར་དཀར་བ་དང༌། མཐིང་ཤུན་ལྟར་སྔོ་བའང་རེ་གཉིས་ཙམ་སྣང་ལ། གང་ལྟར་ཡང་གདུང་རུས་ཉུང་ཙམ་ཞིག་ལས་མི་སྣང་བས་ཐམས་ཅད་ཡིད་མི་ཆེས་པ་ལྟ་བུར་བྱུང་པ་ནི། རིང་བསྲེལ་དང་བཅས་པའི་གདུང་ངོ་མཚར་བ་རྣམས་བདག་ཅག་སྐལ་བ་དམན་པ་རྣམས་ཀྱི་བསོད་ནམས་ཀྱིས་མི་འཆུན་པར་མཐོང་ནས་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་སྤྱན་དྲངས་པར་གདོན་མི་ཟའོ། །གང་ལྟར་ཡང་རྒྱུད་སྡེ་རྣམས་ནས་ཇི་ལྟར་བཤད་པ་བཞིན་གྱིས་གདུང་རུས་རྣམས་བཏུས་ཏེ། དཔལ་ཀྱེ་རྡོ་རྗེའི་སྒོ་ནས་བསྒྲུབས་པའི་བུམ་ཆུ་དང༌། དགེ་སློང་བརྒྱད་ཙམ་གྱི་ཀུན་རིག་གི་སྒོ་ནས་བུམ་པ་ཚུལ་བཞིན་དུ་བསྒྲུབས་པའི་ཆུས་ཡང་དང་ཡང་དུ་སྐུ་ཁྲུས་གསོལ་ཞིང༌། སླར་གདུང་རུས་ཞིབ་པར་འདུར་ཏེ་རིན་པོ་ཆེའི་ཕྱེ་མ་དང༌། དྲི་ཞིམ་པོས་སྤྲུས་པའི་