[A:༣༣༩]རེའང་བགྱིས་པ་དང༌། དེ་དག་གི་བར་ཐམས་ཅད་ཀྱང་བསང་དང་ཤུགས་ཕྱེ་ཁོ་ནས་བཀང་བ་སོགས་མདོར་ན་ཚུལ་ལྡན་བཞིན་དུ་བཞེངས་པའི་མཆོད་རྟེན་ལ། ལུང་རིག་སྨྲ་བ་སྤྲུལ་སྐུ་ཤེས་རབ་རྒྱ་མཚོ་སོགས་དགེ་སློང་བཅུ་གསུམ་གྱིས་ཚེ་དཔག་ཏུ་མེད་པ་ལ་བརྟེན་པའི་རབ་ཏུ་གནས་པ་བགྱིས་པ་དང༌། ཡང་ཧོར་ཟླ་གསུམ་པ་ཕྱི་མའི་ཡར་ཚེས་ནས་བཟུང་སྟེ་རྟ་ནག་ལྷ་བྲིས་པ་བོས་ཏེ། གཙུག་ལག་ཁང་དུ་བཤམ་རྒྱུའི་དུས་ཐང་རིན་པོ་ཆེ་ཆེ་ལེགས་ཤིན་ཏུ་སྒྲོས་གཙང་བར་བཞེངས་ཏེ་གོང་གཤམ་ཞལ་ཁེབས་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་བགྱིས་པ་ལ། མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་དབུར་བཞུགས་པའི་བདག་ཅག་དགེ་སློང་ཁ་ཤས་དང་བཅས་པས་ཚེ་དཔག་མེད་ལ་བརྟེན་པའི་རབ་ཏུ་གནས་པ་བགྱིས་ཏེ། ཧོར་ཟླ་ལྔ་པའི་ཚེས་བཅུ་བདུན་གྱི་ཉིན་ཨེ་ཝཾ་པའི་གཙུག་ལག་ཁང་དུ་སྤྱན་དྲངས། དེ་ཉིན་བདག་གིས་གཙུག་ལག་ཁང་དེར་མཆོད་པའི་ཕྲེང་བ་བརྒྱ་ཕྲག་དང་བཅས་ཤིང༌། དགེ་འདུན་གང་ཡོད་ཀྱིས་བླ་མ་མཆོད་པ་ཚོགས་པ་ལ། དགེ་སློང་རེ་རེ་ལ་ཕྱག་འགྱེད་དངུལ་ཊམ་རེ་དང་བཅས་པའི་བསྙེན་བསྐུར་ཕུན་སུམ་ཚོགས་པ་དང༌། མཁན་རིན་པོ་ཆེ་ཁྲི་ཐོག་པའང་ཚོགས་བསྔོར་གདན་ཞུས་ཀྱི་འབུལ་བ་གང་ཟབ་བཅས་བསྒྲུབས་པ་དང༌། ཞལ་ཆེམས་སུ་ཡོད་པའི་གནས་བཅུའི་ཞལ་ཐང་དང༌། གཤེད་དམར་དཀྱིལ་ཐང་རྣམས་ཀྱང་ཤིན་ཏུ་སྒྲོས་གཙང་བར་བཞེངས་པ་དང༌། ཡང་ཧོར་ཟླ་ལྔ་པའི་ནང་རྩེ་གདོང་ནས་ཟངས་རྡུང་མཁས་པ་མི་བཞི་བོས་ཏེ། ནང་རྟེན་འདྲ་སྐུ་རིན་པོ་ཆེ་གསེར་ཟངས་ལས་གྲུབ་པ་སྐུ་དངོས་མདའ་ཚད་ཙམ་ཁྲི་རྒྱབ་དང་བཅས་པ་དང༌། མཛོད་མཁྱེན་རབ་བཟང་པོ་དང་གཉེར་ཤེར་སེང་གཉིས་ནས་རིན་ཆེན་གཉིས་པ་འདེགས་སྲང་བརྒྱད་ཅུ་ལས་གྲུབ་པའི་ལྷ་བབས་མཆོད་རྟེན་མདའ་ཚད་ཙམ་པ་ལ་རིན་པོ་ཆེ་དུ་མའི་ཕྲས་མཛེས་