R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༤༠
[A:༣༤༠]པར་སྤུད་པ་བཅས་ཀྱང་ཟླ་བ་གསུམ་གྱི་ཁོངས་སུ་ཤིན་ཏུ་སྒྲོས་གཙང་བར་བཞེངས་གྲུབ་པ་ལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང༌། སྐུ་འདྲ་ལི་མ་དང༌། བྱིན་རྟེན་ཁྱད་པར་དུ་འཕགས་པ་འགའ་ཞིག་དང༌། སྲོག་ཤིང་མཚན་ཉིད་དང་ལྡན་པ་དང༌། བླ་མ་བརྒྱུད་པའི་མཚན་འབུམ་ནས་བཟུང་སྟེ། བཀྲ་ཤིས་ཀྱི་བར་རྒྱུད་སྡེ་བཞི་དང་འབྲེལ་བའི་གཟུངས་བསམ་ལས་འདས་པ་དང༌། སྐུ་གདུང་ཡིད་བཞིན་ནོར་བུའི་ཆ་ཤས་ལས་གྲུབ་པའི་སྐུ་འདྲ་རྣམས་ཀྱིས་ཕྱུར་བུར་བཀང་སྟེ། ཚུལ་བཞིན་དུ་བསྒྲུབས་པའི་ནོར་ལྷའི་གཏེར་བུམ་དང༌། གནོད་སྦྱིན་འཁོར་ལོས་ཞབས་བསྡམས་པའི་བར་རྗེ་བཙུན་གོང་མའི་ཕྱག་ལེན་ཇི་ལྟ་བ་བཞིན་བགྱིས་པ་ལ། མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོར་ཕེབས་ཏེ་བདག་ཅག་དགེ་སློང་བཅུ་ཕྲག་གཅིག་དང་བཅས་པས་དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་ཉིན་གང་མ་ཞིག་མཛད་དེ་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད་པ་དང༌། སླར་ཡང་བདག་ཅག་དགེ་སློང་བཅུ་གསུམ་གྱིས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་མཆོད་དང་འབྲེལ་བར་རབ་གནས་ཤིན་ཏུ་རྒྱས་པ་ཉིན་ལྔ་པ་ཞིག་ཀྱང་བགྱིས་པ་ཡིན་ནོ། །དེ་དག་གི་ཚེ་བཟོ་བོ་ཐམས་ཅད་ལའང་སྐབས་སྐབས་སུ་སྟོན་མོ་དང༌། རྒྱུན་གྱི་བཟའ་བཏུང་སོགས་ཤིན་ཏུ་ཟབ་པ་དང༌། ཡོན་དང་གནང་སྦྱིན་ལ་སོགས་པས་ཤིན་ཏུ་ཡིད་ཚིམ་པར་བྱས་སོ། དེ་དག་གི་སྐབས་སུའང་གེགས་ཀྱི་རྣམ་པ་ཅུང་ཟད་ཙམ་ཡང་མེད་ཅིང༌། མཐུན་རྐྱེན་རྣམས་ཀྱང་འབད་རྩོལ་མེད་པར་རང་ཤུགས་ཀྱིས་འགྲིགས་པ་སོགས་མདོར་ན་ཚོགས་ཆུང་དུས་བདེ་བླག་ཏུ་གྲུབ་པའང་རྗེ་ཉིད་ཀྱི་ཐུགས་རྗེ་ཁོ་ནས་ཡིན་པར་གདོན་མི་ཟའོ། །གཞན་ཡང་ལྡན་མ་མཚམས་པ་དཔལ་ལྡན་དོན་གྲུབ་པར་ཟླ་བ་དྲུག་གི་མཚམས་བརྒྱགས་ཕུལ་ཏེ། སྔར་ཞལ་ཆེམས་སུ་སྩལ་བའི་འཁོར་