[A:༣༤༡]ལོ་བདེ་མཆོག་ལཱུ་ཧི་པའི་བསྙེན་ཚད་མཐར་ཕྱིན་པར་བགྱིས་པ་དང༌། ཡང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ནས་བཟུང་དེང་སང་གི་བར་ཕལ་ཆེ་བར་ཟླ་རེ་བཞིན་དུས་ཆེན་དང་བསྟུན་ཏེ་དགེ་སློང་ཁ་ཤེས་ཀྱིས་བླ་མ་མཆོད་པ་མ་ཆག་པ་དང༌། ཆུ་ཕག་ཧོར་ཟླ་གསུམ་པར་ལོ་དུས་ཀྱི་དུས་ཆེན་དང་བསྟུན་ཏེ་བདག་ཅག་དགེ་སློང་བཅུས་དཔལ་ཀུན་ཏུ་རིག་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་དང་བཅས་ཉིན་ལྔ་པ་ཞིག་བགྱིས་པ་དང༌། ཁྱད་པར་ཟླ་དེའི་ཚེས་བཅུ་བདུན་གྱི་ཉིན་དགེ་སློང་ཉུང་བསྡུས་ཀྱི་སེར་སྦྲེང་དང་བཅས་ཏེ་འདྲ་སྐུ་རིན་པོ་ཆེ་ལམ་འབྲས་ལྷ་ཁང་དུ་གདན་དྲངས་ཏེ་གོས་ཆེན་གྱི་སྐུ་བེར་ལ་སོགས་པའི་ན་བཟས་བཀླུབས་ཏེ་བཞུགས་སུ་གསོལ་ཞིང༌། དེའི་སྐུ་མདུན་དུ་རིན་ཆེན་གཉིས་པ་འདེགས་སྲང་བདུན་དང་ཞོ་བདུན་ལས་གྲུབ་པའི་ཕུད་ཀོང༌། དངུལ་སྲང་བདུན་དང་ཞོ་བཞི་ལས་གྲུབ་པའི་སྤྱི་བླུགས། དངུལ་སྲུང་བཅུ་བཞི་ལས་གྲུབ་པའི་ཀར་འཛིན་གྱི་སྟེང་ཞལ་ཀར་ཡུ་རིང་ཟས་སྣས་བཀང་བ། དངུལ་སྲང་དགུ་དང་ཞོ་དོ་ལས་གྲུབ་པའི་བཟེད་ཞལ། རྡོ་དྲིལ་གསེར་མགོ་ཅན། ཌ་མ་རུ་དངུལ་དཀྲིས་ཅན། ཕྱག་ཏིང་དངུལ་ཐག་ཅན། དངུལ་ལས་གྲུབ་པའི་ནང་མཆོད་ཀ་པཱ་ལ། དངུལ་སྲང་ཉེར་གཅིག་ལས་གྲུབ་པའི་བུམ་པ་ཆ་ལ་ཁ་རྒྱན་བུམ་གོས་དང་བཅས་པ། དངུལ་སྲང་དྲུག་དང་ཞོ་བརྒྱད་ལས་གྲུབ་པའི་འབྲུ་སྤར་རྣམས་ཀྱང་སྦྱོར་འཇགས་ཞུས་པ་དང༌། དེ་ཉིན་ནས་བཟུང་ཉིན་གསུམ་ལ་རྣམ་ལྔ་བརྒྱ་མཆོད་དང་བཅས་ཏེ་དགེ་སློང་བཅུས་བླ་མ་མཆོད་པ་བགྱིས་པར་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྒྲུབས་པ་དང༌། ཡང་ཚེས་བཅུ་བདུན་གྱི་ཉིན་ཨེ་ཝཾ་པའི་གཙུག་ལག་ཁང་དུ་དགེ་འདུན་གང་ཡོད་ཀྱི་བླ་མ་མཆོད་པ་ཚོགས་པར་བརྒྱ་མཆོད་དང༌། མང་ཇ་དང་གྲལ་འགྱེད་ལ་