R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༦༨
[A:༡༦༨]ནས་བུམ་དབང་གི་ཁྲིད་ཡོངས་སུ་རྫོགས་པ། དེའི་ནང་ཚན་ནང་བསྐྱེད་རིམ་གྱི་མགོར་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་བཅས་པ། དེ་རྣམས་ཀྱི་སྔ་ཆོས་སུ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱེ་རྡོར་མན་ངག་ལུགས་ཀྱི་མངོན་རྟོགས། ལུས་དཀྱིལ་དབང་ཆུ། གཏོར་ཆོག་རྣམས་དང༌། ངག་དབང་བརྟན་རྡོར་གྱིས་མཛད་པའི་ལམ་འབྲས་ཀྱི་ཁྲིད་ཡིག་གི་ལུང་དང་བཅས་པ་གསན་པའི་སྐབས། གསང་དབང་གི་མགོར་རྗེ་འདི་སྙུན་གཞི་ཟས་དུག་གི་རྣམ་པ་ལྟ་བུས་ཚབས་ཆེར་བསྙུན་པར་བརྟེན། དེ་མན་ཆད་ཀྱི་ཁྲིད་རྣམས་གསན་མ་ཐུབ། དེ་ནས་ཞལ་དཀར་བླ་སྨན་ལ་སོགས་བསྟེན་ཏེ་སྨན་དཔྱད་དང་དུག་བཅོས་ལ་སོགས་པ་མང་དུ་མཛད། སྙིང་རི་ནས་མཐུ་སྟོབས་ཀྱི་དབང་ཕྱུག་ཁྲི་ཆེན་པདྨ་བདུད་འདུལ་མཐུ་སྟོབས་རྒྱལ་མཚན་པའང་ངོར་དུ་སྤྱན་དྲངས་ཏེ། སྨིན་གླིང་པའི་སྒྲུབ་ཐབས་འདོད་བུམ་ལས་བྱུང་བའི་ཆོས་དབང་ལུགས་ཀྱི་དྲང་སྲོང་ལོཀྟྲིའི་རིག་གཏད་དང༌། གནུབས་ལུགས་ཀྱི་ལེགས་ལྡན་སྟག་ཞོན་ནག་པོའི་རྗེས་སུ་གནང་བ། ལས་འབྲེལ་ལུགས་ཀྱི་གཟའ་བདུད་ཀྱི་སྲོག་དབང༌། དེ་དང་འབྲེལ་བར་གཟའི་བྱད་འགྲོལ་དུག་དབྱུང་དང་བཅས་པ། རྟ་མགྲིན་ཡང་གསང་ཁྲོས་པ་ལྷ་དགུའི་དབང༌། པད་གླིང་ལུགས་ཀྱི་ཕྱག་རྡོར་དྲེགས་འདུལ་དང༌། ཚེ་དབང་རྡོ་རྗེ་ཕྲེང་བ། ཞང་ཁྲོམ་གཏེར་བྱོན་བྱད་འགྲོལ་གསེར་གྱི་ལྡེ་མིག་དང༌། ཚར་ཆེན་གྱི་ཡིག་སྟེང་ནས་གནོད་སྦྱིན་བེཀྩེ་འཁོར་མང་གི་རྗེས་གནང་བཅས་གསན། གཞན་ཡང་གཟའ་བཅོས་དང་དུག་བཅོས་ཀྱི་རིགས་མང་དུ་ཞུ་བར་མཛད། ཡང་སྐབས་ཤིག་སྙིང་རིར་ཕེབས་ཏེ། ཁྲི་ཆེན་དེ་ཉིད་ལས་གཟའ་བཅོས་དང་དུག་བཅོས་ལ་སོགས་པའི་རིམ་གྲོའི་རིགས་མང་དུ་ཞུ་བ་སོགས་མཛད་ཀྱང་ལོ་བཞི་ཙམ་གྱི་བར་ལ་སྙུན་གཞི་དེ་སེལ་མ་ཐུབ། དེའི་རྐྱེན་གྱིས་སྐུ་གཟུགས་ཀྱི་ཤེད་ཤོར་ཞིང་སྐུ་ཤའང་ཧ་ཅང་སྲབ་པར་སོང༌། ཐུགས་རབ་ཀྱང་དེ་