[A:༡༦༩]ཕྱིན་ཆད་སྔར་དང་མི་འདྲ་བར་ཅུང་ཟད་འགྲིབ་པ་ཡིན་གསུངས། དགུང་ལོ་ཉེར་གཉིས་པའི་ནང་སྙུན་གཞི་ཅུང་ཟད་དྭངས་པའི་སྐབས་ཤིག་བསྐྱེད་རྫོགས་ཀྱི་བསྒོམ་བྱའི་དོན་རྣམས་བྱམས་པ་བསོད་ནམས་དཔལ་འབྱོར་ལས་བཀའ་ཁྲིད་དཔྱིས་ཕྱིན་པར་ཞུ་བར་མཛད་དེ། འབྱུང་འདུལ་གྱི་བསྙེན་པ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་དང༌། ཁྱད་པར་ལོ་དེའི་ཧོར་ཟླ་དགུ་པ་ནས་བཟུང་སྟེ་ཟླ་བ་བདུན་གྱི་བར་ལ། དཔལ་ཀྱེ་རྡོ་རྗེའི་གཞིའི་བསྙེན་པ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་སྟན་ཐོག་གཅིག་ཏུ་ཚང་བར་མཛད། དགུང་གྲངས་ཉེར་གསུམ་པའི་སྟོན་མཇུག་དེར། ཁམས་ནས་ཁུ་བོ་མཁན་ཆེན་མཆོག་གི་ཕྱག་མཛོད་ཡོན་ཏན་རྒྱ་མཚོ་དཔོན་འཁོར་རྣམས་ཀྱང་འབུལ་སྐྱེལ་དང་དགེ་འདུན་ལ་བསྙེན་བཀུར་སྟོབ་པའི་ཆེད་དུ་བར་ཆད་མེད་པར་ངོར་དུ་འབྱོར། ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ནང་རྗེ་འདི་དབུས་ཕྱོགས་ཀྱི་གནས་ཁྱད་པར་ཅན་རྣམས་མཇལ་བའི་ཆེད་དུ་ངོར་ནས་ཆིབས་བཏེག །མར་ལམ་པཎ་ཆེན་དགེ་འདུན་གྲུབ་པས་ཕྱགས་བཏབ་པའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་རྟེན་གསུམ་རྣམས་ཞིབ་མཇལ་དང༌། དེ་ནས་རིམ་གྱིས་ལམ་བར་གྱི་དགོན་ཁག་རྣམས་མཇལ་བཞིན་པའི་སྒོ་ནས་ལྷ་ལྡན་དུ་ཕེབས་ཏེ་འཇིག་རྟེན་ཀུན་གྱི་མཆོད་སྡོང་བླ་ན་མེད་པ་ཇོ་ཤཱཀ་རྣམ་གཉིས་ཀྱི་གཙོས་པའི་རྟེན་གསུམ་ཡོངས་སུ་རྫོགས་པ་ཞིབ་མཇལ་དང༌། ཡེར་པ། དགའ་ལྡན། བསམ་ཡས། གདན་ས་མཐིལ། ཟངས་རི་མཁར་དམར། རྩེ་ཐང༌། ཡར་ཀླུངས་སྐོར། འཕྱོང་རྒྱས་རི་བོ་བདེ་ཆེན་སོགས་བརྒྱུད་ཡར་འབྲོག་མཚོ་སྐོར་མཛད་དེ་ཡར་འབྲོག་སྐོར་གྱི་དགོན་སྡེ་ཁག་ལ་སོགས་པ་མདོར་ན་དབུས་ཕྱོགས་ཀྱི་གནས་ཁྱད་པར་ཅན་རྣམས་དང༌། དགོན་སྡེ་ཁག་ལ་སོགས་པའི་རྟེན་གསུམ་ཐམས་ཅད་དད་པའི་སྤྱན་གྱིས་ལེགས་པར་མཇལ་ཏེ། མེ་ཏོག་བདུག་སྤོས་མར་མེ་དྲི་མཆོག་ཞལ་ཟས་ལ་སོགས་པའི་མཆོད་པ་དང༌། སྙན་དར་ཕོན་