R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༧༠
[A:༡༧༠]ཆེ་བ། རྟེན་གཙོ་ཆེ་བ་འགའ་ཞིག་ལ་ཞལ་གསེར་གསོལ་བ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་སྒོ་ནས་བསོད་ནམས་ཀྱི་མྱུ་གུ་སྐྱེད་བསྲིངས་ཤིང༌། ཁྱད་པར་བསྟན་འགྲོ་ཡོངས་ལ་སྨན་པའི་སྨོན་ལམ་རྣམ་པར་དག་པའི་ས་བོན་རྨ་མེད་པ་ཡང་ནས་ཡང་དུ་འདེབས་པར་མཛད་དོ། །དེ་ནས་རིམ་གྱིས་རྒྱལ་རྩེ་དང་ཞྭ་ལུ་སོགས་སུ་ཕེབས་ནས། དེ་དག་ཏུ་ཡོད་པའི་དགོན་ཁག་སོ་སོའི་རྟེན་གསུམ་རྣམས་ཞིབ་མཇལ་དང༌། མཆོད་འབུལ་སོགས་རྒྱས་པར་མཛད་དེ་ཨེ་ཝྃ་དུ་ཕེབས། དེ་ནས་སྐབས་འགར་གཞིས་རྩེ། ཆུ་མིག །སྲད་རྣམས་སུ་ཁྲོམ་དབང་སྩལ་དུ་ཚར་ཁ་ཤས་བྱོན་པ་དང༌། སྐུ་གཟུགས་ཀྱི་འཕྲོད་བཞེས་སུ་རྟ་ནག །ཚ་རོང༌། མང་མཁར་རྣམས་སུ་ཆུ་ཚན་ལ་ཚར་ཁ་ཤས་ཕེབས་པ་མ་གཏོགས་ངོར་རང་དུ་བཞུགས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དུ་མ་ལ་དབང་བསྒྱུར་བའི་ཕན་ཁང་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་རིན་ཆེན་ཆོས་མཛོད་ཀྱི་དྲུང་ནས། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་འཇམ་དཀར་མ་ཏི་ལུགས་ཀྱི་རྗེས་སུ་གནང་བ་དང༌། བྱ་རྒྱུད་རྡོ་རྗེའི་རིགས་ཀྱི་གཙོ་བོ་སློབ་དཔོན་ཛེ་ཏཱ་རིས་བཀྲལ་བའི་རྡོ་རྗེ་མི་འཁྲུགས་པ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བ། ས་ལུགས་ཀྱི་དམེ་བརྩེགས་དུད་ཀའི་རྗེས་སུ་གནང་བ། ཁམས་གསུམ་དབང་དུ་སྡུད་པའི་རིགས་བྱེད་མ་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ། ཕ་རྒྱུད་ཞེ་སྡང་ཅན་འདུལ་བར་བྱེད་པ་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འཆི་བདག་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་རྗེས་སུ་གནང་བ། བ་རི་ལུགས་ཀྱི་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་རིགས་མཐུན་ཕྱོགས་གཅིག་ཏུ་བསྡེབས་པའི་རྗེས་སུ་གནང་བ་བདུན་ཅུ་དོན་བརྒྱད་དང༌། དེའི་རྗེས་