[A:༡༧༡]གནང་གི་ཡི་གེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང་དང་བཅས་པ་དང༌། མཁས་པའི་དབང་པོ་རབ་དཀར་བླ་མ་ལྷུན་གྲུབ་ཏིང་འཛིན་གྱི་དྲུང་ནས། འཕགས་ཡུལ་གྱི་པཎ་གྲུབ་རྒྱ་མཚོའི་གཙུག་རྒྱན་སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟ་སྟེ་འཇིགས་མེད་འབྱུང་གནས་སྦས་པ་ཞེས་ཡོངས་སུ་གྲགས་པའི་ཞལ་སྔ་ནས་ལེགས་པར་བཀྲལ་བའི་རྡོ་རྗེ་ཕྲེང་བ་ནས་བྱུང་བའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་དང༌། དེའི་སྟེང་དུ་པཎྜི་ཏ་དཱརྤ་ཎ་ཨཱ་ཙརྻ་ཞེས་པ་འགྲོ་བའི་མེ་ལོང་དུ་གྲགས་པས་མཛད་པའི་ཀྲི་ཡ་ས་མུཙྪ་སྟེ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པའི་བསྟན་བཅོས་ནས་བྱུང་བའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་ཏེ། མདོར་ན་དཀྱིལ་འཁོར་བཞི་བཅུ་རྩ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་རྣམས་ལེགས་པར་གསན། གཞན་ཡང་དེ་སྐབས་རྣམས་སུ་ཀུན་རིག་གི་བསྙེན་པ་ཟླ་བ་གསུམ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་དང༌། འཇིགས་བྱེད་ཀྱི་བསྙེན་པ་ཟླ་བ་གསུམ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ། མགོན་དཀར་གྱི་སྐུ་མཚམས་ཟླ་བ་གཅིག་དང་བཅས་པ་བཞུགས། སམྦུ་ཊའི་ཆོ་ག་ཐུགས་འཛིན་བསྐྱངས་ཏེ་གཙུག་ལག་ཏུ་སྒྲུབ་མཆོད་གསུང་དུ་ཚར་གཅིག་ཙམ་བྱོན། ཨེ་ཝྃ་པའི་སྒྲུབ་མཆོད་ཆེན་མོའི་སྐབས་བདེ་མཆོག་གི་ཚོན་བླུགས་པའང་ལོ་ཁ་ཤས་མཛད། དགུང་ལོ་ཉེར་བདུན་པ་རྔ་ཆེན་གྱི་ལོར་ས་སྐྱ་ནས་བདག་ཆེན་འཇམ་པའི་དབྱངས་མཐུ་སྟོབས་ནུས་པའི་དབང་ཕྱུག་འགྲོ་མགོན་དབང་སྡུད་སྙིང་པོ་དབུས་ཕེབས་མཛད་པའི་མར་ལམ་ངོར་དུ་ཕེབས། སྔ་ཕྱིར་ཕེབས་བསུའི་ཚོགས་མང་པོ་དང༌། དགེ་འདུན་གྱི་སེར་སྦྲེང་གི་བཀོད་པ་མཚར་ཞིང་ཡིད་དུ་འོང་བ་དང་བཅས་པས་མདུན་བདར་ཏེ་སྤྱན་དྲངས། ཨེ་ཝྃ་པའི་ཟུར་བཞི་བླ་ཁག་རྣམས་ཀྱིས་རང་རང་གི་འབྱོར་སྟོབས་དང་བསྟུན་པའི་བསྙེན་བཀུར་དང་འབུལ་བ་རྒྱ་ཆེན་བསྟབས་ཤིང་ཆོས་ཀྱི་འབྲེལ་པ་རེའང་