R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༧༢
[A:༡༧༢]ཞུས། གཙུག་ལག་ཏུ་གྲྭ་མང་ལ་གནས་བརྟན་བཅུ་དྲུག་གི་རྗེས་སུ་གནང་བ་སྩལ་ཏེ་སྐལ་བ་བཟང་པོའི་མེ་ཏོག་རྒྱས་པར་མཛད། རྗེ་འདི་སྐུ་མཆེད་ནས་ཀྱང་ཐར་རྩེར་གདན་ཞུས་ཐོག་ཞག་གཅིག་བཞུགས་པར་ཞུས་ཏེ་དཔོན་འཁོར་ཚང་མར་བསྙེན་བཀུར་གྱ་ནོམ་པ་དང༌། དངོས་འབུལ་གྱི་ཚོགས་ཤིན་ཏུ་གཏོས་ཆེ་བར་ཕུལ། དེ་སྐབས་བདག་ཆེན་འཇམ་པའི་དབྱངས་དེས་སོ་སོའི་མོས་པའི་ཡོལ་གོ་དང་འཚམས་པར་ཆོས་ཀྱི་བདུད་རྩི་སྩལ་བ་ཐམས་ཅད་རྗེ་འདིས་གསན་པར་མཛད་དེ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཐུབ་པ་གནས་བརྟན་བཅུ་དྲུག་གི་རྗེས་སུ་གནང་བ་དང༌། མ་གཅིག་གྲུབ་པའི་རྒྱལ་མོས་དཔལ་འཁོར་ལོ་སྡོམ་པའི་རྒྱུད་མངོན་བརྗོད་འབུམ་པ་ལ་བརྟེན་ནས་བཀྲལ་བའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ། གྲུབ་ཆེན་ཐང་སྟོང་པ་ནས་བརྒྱུད་པའི་ཚེ་རྟ་ཟུང་འབྲེལ་གྱི་དབང་བསྐུར་བ། གུ་རུ་ཆོས་དབང་གིས་ཟབ་གཏེར་ནས་སྤྱན་དྲངས་པའི་ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་རྗེས་སུ་གནང་བ། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ཟབ་གཏེར་ནས་སྤྱན་དྲངས་པའི་གུ་རུ་དྲག་དམར་གྱི་དབང་ཡོངས་སུ་རྫོགས་པ། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ཟབ་གཏེར་ནས་སྤྱན་དྲངས་པའི་ཚེ་སྒྲུབ་འཆི་མེད་ལྕགས་ཀྱི་སྡོང་པོའི་དབང་བསྐུར་བ། རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་གྱི་གཏེར་བྱོན་བྱད་འགྲོལ་གསེར་གྱི་ལྡེ་མིག་ཏུ་གྲགས་པ་རྣམས་གསན། བདག་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཨེ་ཝྃ་དུ་ཞག་བརྒྱད་ཙམ་བཞུགས་ནས། སླར་ཡང་ཕེབས་སྐྱེལ་གྱི་ཚོགས་དང་བཅས་ཏེ་དབུས་ཕྱོགས་སུ་ཆིབས་ཀྱི་གདོང་བསྒྱུར། དགུང་ལོ་ཉེར་དགུ་པ་ཤིང་བྱི་ལོར་མཁན་ཆེན་ངག་དབང་དམ་ཆོས་བྱང་དུ་འགྲོ་དོན་ལ་ཁྱུག་ཙམ་ཕེབས་སྐབས། རྗེ་འདིས་མཁན་ཚབ་མཛད་དེ་སྒྲུབ་མཆོད་ཀྱི་དབུ་བཞུགས་སོགས་མཛད། སླར་མཁན་ཆེན་དེ་ཉིད་བྱང་ནས་ཚུར་ཕེབས་བསྟུན་ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་