R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༨༢
[A:༡༨༢] བཅུད་ལེན། མཛེ་གསོ་བ། སྤྱི་འགྲོའི་ལས་སྦྱོར་དང་བཅས་པ་དང༌། རྗེས་གནང་གི་ཡི་གེ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་པས་མཛད་པ་རྣམས་ཀྱི་ལུང༌། རྡོ་རྗེ་གུར་ལས་གསུངས་པའི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་སུ་གནང་བ་དང༌། དེའི་སྒྲུབ་རྗེས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བརྒྱུད་འདེབས་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་ཁ་སྐོང་དང་བཅས་པ། གུར་ནས་གསུངས་པའི་འཕགས་མ་སོ་སོར་འབྲང་མའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པའི་ལུང་དང་བཅས་པ། ཁྱད་པར་སྙན་བརྒྱུད་གསེར་ཆོས་ཀྱི་སྐོར་ལ། རྒྱ་གར་འཕགས་པའི་ཡུལ་གྱི་མཁས་དང་གྲུབ་པ་ཡོངས་ཀྱི་གཙུག་གི་ནོར་བུའི་ཅོད་པཎ་ལ་ཞབས་སེན་གྱི་པདྨོ་རྣམ་པར་བཀོད་པ་གྲུབ་ཆེན་བིརྺ་པ་ཆེན་པོས་རྒྱལ་ཡུམ་རྡོ་རྗེ་བདག་མེད་མ་ལས་དངོས་སུ་གསན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྐོར་ལ་ཚོགས་བཤད་དང༌། སློབ་བཤད་གཉིས་སུ་གྲགས་པའི་དང་པོ་ཚོགས་བཤད་ཏུ་གྲགས་པའི་སྐོར་ལ། ཐོག་མར་བླ་མ་ཚད་མར་བྱ་བའི་ཕྱིར་བླ་མ་ལ་གསོལ་བ་འདབས་པ་ཨེ་ཝྃ་པའི་ཆོས་སྤྱོད་དུམ་བུ་གསུམ་དང༌། དུམ་བུ་དང་པོའི་ཁ་སྐོང་མཁན་ཆེན་ནམ་མཁའ་བསམ་འགྲུབ་ལ་གསོལ་བ་འདེབས་པ་ནས། རྗེ་རང་གི་གསོལ་འདེབས་དམིགས་མེད་བྱམས་ལྡན་མའི་བར་དང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས་པས་མཛད་པའི་ཨེ་ཝཾ་པའི་གདན་རབས་རྣམ་ཐར་ནོར་བུའི་ཕྲེང་བ་བཅས་ཀྱི་ལུང༌། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཁྲིད་དངོས་ལ། ཁྲིད་ཀྱི་གཞུང་ཤིང་ཆེན་པོ་བཞིའི་ནང་ཚན་གཞུང་ཤིང་རྒྱས་པ་གཞུང་ཇི་ལྟར་བ་བཞིན་དུ་བཀྲི་བའི་ཁྲིད་ཡིག་ངག་དབང་བརྟན་པའི་རྡོ་རྗེས་མཛད་པའི་གཞན་ཕན་ཕྲིན་ལས་རྒྱས་བྱེད་ཀྱི་སྟེང་ནས། ལམ་གྱི་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་སྔོན་དུ་འགྲོ་བའི་སྒོ་ནས་བརྒྱུད་