R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༨༣
[A:༡༨༣]པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་པ་དང༌། དེ་ལས་བྱུང་བའི་དམ་ཚིག་རྣམས་ལ་སྲུང་སྡོམ་ཤེས་པའི་ཆེད་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་འགྲེལ་པ་རྗེ་བཙུན་རིན་པོ་ཆེས་མཛད་པའི་ལུང༌། དེ་ནས་སློབ་མ་རྗེས་འཛིན་སོགས་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེ་ལས་བྱུང་བའི་དམ་ཚིག་དང་སྡོམ་པ་རྣམས་མི་ཉམས་པར་བསྲུང་བའི་ཚུལ་གསལ་བར་སྟོན་པ་རྩ་ལྟུང་འཁྲུལ་སྤོང་རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞབས་ཀྱིས་མཛད་པའི་ལུང༌། དེ་ལྟར་སྨིན་ཟིན་གྲོལ་བའི་སླད་དུ་ལྟ་བས་སྤྲོས་པ་གཅད་པའི་ཕྱིར་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་པ། ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བསྒོམ་པ། འབྲས་བུ་སྐུ་ལྔ་མངོན་དུ་འགྱུར་བའི་ཚུལ་དང༌། ངེས་ཤེས་བསྐྱེད་ཅིང་ཏིང་ངེ་འཛིན་ངོ་ཤེས་པའི་ཕྱིར་ལམ་གྱི་ས་མཚམས་གཞག་པ། འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་ས་བཤད་པ། དེ་ལྟར་ཉམས་སུ་ལེན་པའི་སློབ་མ་ལ་གསང་བ་བཅུའི་རྒྱས་གདབ་ཅིང་སྐལ་ལྡན་གྱི་སློབ་མ་ལ་ཕན་པར་གདམས་པའི་བར་གྱིས་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་དང༌། དེ་དག་གི་སྐབས་སུ་བུམ་དབང་གི་ལམ་གྱི་ནང་ཚན་ནང་བསྐྱེད་རིམ་གྱི་ཐོག་མར་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། གཞན་ཡང་སྦྱོར་བ་དོན་ཡོད་པ་བཞིས་བླ་མ་མཉེས་པར་བྱེད་པའི་ཁྲིད་སྔོན་དུ་འགྲོ་བའི་ལམ་ཟབ་ཕྱི་མའི་བྱིན་རླབས་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པ། ལམ་ཟབ་ཕྱི་མའི་ངག་འདོན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བརྒྱུད་འདེབས་ངོར་ཆེན་གྱིས་མཛད་པ་ཁ་སྐོང་དང་བཅས་པའི་ལུང༌།