R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༥༢
[A:༡༥༢]བྱོན་པའི་ལུགས་གཉིས་ཀྱི་ཤེས་བྱ་ཐམས་ཅད་ལ་བློ་གྲོས་གསལ་ཞིང༌། ངོ་ཚ་དང་ཁྲེལ་ཡོད་ཀྱིས་བརྒྱན་པ། དད་པ་དང་ཕན་སེམས་ཆེ་བ་ལ་སོགས་པ་ཡ་རབས་ཀྱི་ཡོན་ཏན་མང་པོས་མཛེས་པར་སྤུད་པ་པདྨ་བུ་ཁྲིད་ཅེས་བྱ་བ་དེ་ཡིན་ལ། དེ་ལ་སྲས་དྲུག་དང་སྲས་མོ་ལྔ་སྟེ་བཅུ་གཅིག་ཙམ་ཡོད་པ་ལས། སྲས་ཐམས་ཅད་ཀྱི་ཐོག་མར་གྱུར་པ་ནི་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཡོན་ཏན་རིན་པོ་ཆེའི་ཕུང་པོར་གྱུར་པ་འདི་ཡིན་ལ། དེའི་འོག་མ་ནི་ཁྱིམ་ལ་གནས་ཤིང་ཕན་སེམས་ཀྱི་མེ་ཏོག་བཀྲ་བ་པདྨ་སུམ་ལེགས་ཞེས་བྱ་བ་དང༌། དེའི་འོག་མ་ནི་བདག་ཅག་གི་བླ་མ་མཁས་དང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞལ་སྔ་ནས་དང༌། དེའི་འོག་མ་ནི་བསོད་ནམས་དང་དབང་ཐང་གི་ལྗོན་པ་རྒྱས་ཤིང༌། མཁྱེན་རབ་ཀྱི་ལོ་འདབ་ཡོངས་སུ་གྲོལ་བ་མཛོད་པ་ནོར་ལྡན་ཤེས་རབ་བཟང་པོ་པ་དང༌། དེའི་འོག་མ་ནི་ཁྱིམ་པའི་བརྟུལ་ཞུགས་འཛིན་པ་རྒྱལ་པོ་ཚེ་རིང་ཞེས་བྱ་བ་དང༌། དེ་འོག་སྲས་ཐམས་ཅད་ཀྱི་ཐ་ཆུང་དུ་གྱུར་པ་ནི་དྲན་དབང་གི་མེ་ལོང་རབ་ཏུ་གསལ་བ་རྗེ་དྲུང་བཟང་པོ་བློ་གྲོས་སུ་གྲགས་པའོ། །དེ་ལྟ་བུའི་སྲས་རྣམས་ཀྱི་ཐོག་མར་གྱུར་པ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འདི་ནི་དང་པོ་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེའང་ངོ་མཚར་བའི་ལྟས་མང་དུ་བྱུང་ཞིང༌། དེ་ནས་ཇི་སྲིད་ཕྱིར་མ་བཙས་ཀྱི་བར་དུ་ཡུམ་ལ་རྨི་ལྟས་བཟང་ཞིང༌། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང༌། ཟོ་མདོག་རྒྱས་པ་དང༌། ཁྱིམ་གྱི་འབྱོར་པ་འཕེལ་བ་ལ་སོགས་པ་དགེ་ཞིང་བཀྲ་ཤིས་པའི་ལྟས་མང་པོ་མངོན་སུམ་དུ་བྱུང་བར་གྱུར་ལ། དེ་ནས་ཟླ་གྲངས་རྫོགས་ཏེ་རབ་བྱུང་བཅུ་གསུམ་པའི་ནང་གསེས་འཕགས་པའི་ཡུལ་ན་དུ་རྨུ་ཁ་ཞེས་པ་བོད་སྐད་དུ་གདོང་ངན་ཏེ་ལྗོངས་འདིར་དབང་ཐང་དང་བསྟུན་པའི་མིང་མེ་ཕོ་སྤྲེའུའི་ལོར། ཡུམ་ལ་གནོད་པ་མེད་ཅིང་ངོ་མཚར་བའི་ལྟས་མང་པོ་དང་བཅས་