[A:༢༠༥]ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པ། བར་ཆད་གཞོམ་པ། སྡེ་བརྒྱད་གཟིར་བ། ལིངྒ་དང་འཁོར་ལོ་ལ་བརྟེན་པའི་ལས་སྦྱོར། རྩ་སྔགས། སྡེ་བརྒྱད་དབང་དུ་བསྡུ་བའི་ཤམ་བུའི་སྔགས་དང་བཅས་ཡོད་པའི་གཏེར་གཞུང་འཁྲུལ་མེད། དབང་བསྐུར་བའི་ཆོ་ག་གཏེར་བྱོན། གཏོར་བསྔོ། བསྟོད་པ། རྟ་མགྲིན་གྱི་ཞལ་གདམས་ཟབ་མོ་ལ་ནང་གསེས་སུ། རྒྱལ་པོ་ཏིང་ངེ་འཛིན་དང་སྔགས་ཀྱིས་གཅུན་པ། འཁོར་ལོ་དང་སྨྱག་ཤད་ཀྱི་དབྱུག་པ་ལ་བརྟེན་ནས་རྒྱལ་པོ་འདུལ་ཞིང་གནོན་པ། སྲུང་འཁོར། སྲུང་མདུད། སྐྱེར་སྒང་པས་ཆོས་སྐོར་འདི་རྣམས་ཨོ་རྒྱན་ཆེན་པོ་ལ་ཞུས་ཚུལ། ཚར་ཆེན་གྱིས་མཛད་པའི་མངོན་རྟོགས་ཉུང་ངུ༌། བྱིན་རླབས་ཀྱི་ཆོ་ག་རྒྱས་པ་བར་ཆད་ཀུན་སེལ་དང་བཅས་པའི་ལུང་དང༌། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་པུསྟ་ཀ་བཞིའི་ལུང༌། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་ཐང་སྟོང་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་གྱི་དབང་ཆོག་ཚེ་སྲོག་རྡོ་རྗེར་སྒྲུབ་པའི་བཅུད་ལེན། དེའི་རྒྱུན་ཁྱེར་རིང་འཚོའི་ཚེའི་ཟིལ་དངར། དེའི་ཚེ་སྒྲུབ་ཀྱི་དམིགས་བསལ་སོམ་ཉིའི་མདུད་བུ་འགྲོལ་བྱེད། སྒྲོལ་དཀར་བསྙེན་ཐབས་ཟླ་འོད་གསར་པ། བྱང་གཏེར་ལུགས་ཀྱི་ཚེ་དཔག་མེད་ལྕགས་སྡོང་མའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བཀྲ་ཤིས་འཁྱིལ་བའི་སྒྲ་དབྱངས་བཅས་ཀྱི་ལུང་དང༌། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ནས་བརྒྱུད་པའི་མགོན་དཀར་ཡིད་བཞིན་ནོར་བུའི་གདམས་སྐོར་གྱི་ཡི་གེ་རྣམས་མཁས་གྲུབ་སངས་རྒྱས་ཕུན་ཚོགས་པས་ཕྱོགས་གཅིག་ཏུ་བསྒྲིག་པར་མཛད་པའི་དཔེ་བུམ་གྱི་ལུང་རྣམས་ལེགས་པར་གསན་ཞིང་དཔྱིས་ཕྱིན་པར་ཐུགས་སུ་ཆུད་པར་མཛད་དོ། །གཞན་ཡང་བདག་ཉིད་ཆེན་པོ་འདི་ཕྱིས་སྐུ་ན་མཐོན་པོར་སོན་པའི་ཚེ། འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོ་རྩོད་དུས་ཀྱི་ཀུན་མཁྱེན་བུ་སྟོན་གཉིས་པ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་