[A:༢༠༦]སྐྱོང་དཔལ་བཟང་པོའི་དྲུང་ནས། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་བྱ་རྒྱུད་ནོར་ཅན་གྱི་རིགས་སུ་གཏོགས་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བཀའ་མི་འདྲ་བ་བཅུ་དྲུག་གི་རྗེས་སུ་གནང་བ་དང༌། རྣམ་སྲས་སྙན་གྲགས་སྒྲུབ་པའི་རྗེས་གནང་དང་བཅས་པ་བྱ་རྒྱུད་གཤེགས་རིགས་ཀྱི་བདག་པོ་འཕགས་པ་འོད་ཟེར་དྲི་མ་མེད་པ་ཐུབ་དབང་ལྷ་བདུན་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་རྣམས་གསན་ནོ། །ཡང་ཞྭ་སེར་གྱི་ཅོད་པན་འཛིན་པ་རྣམས་ཀྱི་ཁྲོད་ན་རྒྱུ་སྐར་གྱི་དབུས་ན་ཟླ་བའི་དཀྱིལ་འཁོར་ལྟར་གྱུར་པའི་གནས་ལྔ་རིག་པའི་མཁས་པ་ཆེན་པོ་ཨ་མདོ་བྲག་དགོན་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་དྲུང་ནས། ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་དང༌། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དང་མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་བློ་སྦྱོང་སྐོར་གྱི་རྒྱ་གཞུང་དང་བོད་གཞུང་གཅེས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་བློ་སྦྱོང་པོད་ཀྱི་ལུང་དང༌། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ཐུགས་དམ་ལྷ་བཞིར་གྲགས་པའི་རྗེས་སུ་གནང་བ་རྣམས་དང༌། བྱ་རྒྱུད་པདྨའི་རིགས་ཀྱི་ཕོ་ཉ་མོ་དབྱངས་ཅན་མ་དཀར་མོ་ས་མནྟ་ཤྲཱི་ནས་བརྒྱུད་པའི་རྗེས་སུ་གནང་བ་དང༌། དེའི་རྗེས་གནང་དང་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ་ཚིགས་བཅད་མ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་ལུང༌། རྣལ་འབྱོར་བླ་ན་མེད་པའི་ཕ་རྒྱུད་མི་བསྐྱོད་པའི་རིགས་ཀྱི་ཁྲོ་བོ་ཕྱག་ན་རྡོ་རྗེ་འཁོར་ཆེན་ལྷ་བཅོ་བརྒྱད་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལུང་དང་བཅས་པ། དཔལ་ཕྱག་ན་རྡོ་རྗེ་ཨུུ་ཙརྻའི་རྗེས་སུ་གནང་བ་དང༌། ཕ་རྒྱུད་རྣམ་སྣང་གི་རིགས་སུ་གཏོགས་པ་གྲུབ་ཆེན་དཔལ་འཛིན་ལུགས་ཀྱི་གཤེད་དམར་ལྷ་བཅུ་གསུམ་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་བུ་སྟོན་གྱིས་མཛད་