[A:༢༠༧]པའི་ལུང་དང་བཅས་པ། དགྲ་ནག་གི་རྒྱུད་ནས་བསྟན་པའི་དབྱངས་ཅན་དམར་མོ་གསང་སྒྲུབ་ཀྱི་རྗེས་སུ་གནང་བ་དང༌། དེའི་སྒྲུབ་རྗེས་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པའི་ལུང་དང་བཅས་པ། འཇིགས་བྱེད་ཀྱི་ཕྱག་མཚན་མདའ་གཞུ་ལ་བརྟེན་ནས་བི་ཥ་བསད་པའི་ལས་ཚོགས་དུག་དབང་རྨ་བྱ་རྒྱས་པ་དང༌། མ་རྒྱུད་ཧེ་རུ་ཀའི་རིགས་སུ་གཏོགས་པ་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་ཐུགས་སྲས་ལོ་ཙཱ་བས་མཛད་པའི་ལུང་དང་བཅས་པ། དྲིལ་བུ་ལུགས་ཀྱི་རྣལ་འབྱོར་གསང་མཐའི་ཡང་སྙིང་འཁོར་ལོ་བདེ་མཆོག་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་ཐབས་དང༌། བདག་འཇུག་གི་སྡོམ་དང༌། བདག་ཉིད་འཇུག་པ་དང་བཅས་པ་འཕགས་པ་རིན་པོ་ཆེས་མཛད་པའི་ལུང་དང་བཅས་པ། མ་རྒྱུད་པདྨ་གར་དབང་གི་རིགས་སུ་གཏོགས་པ་རྗེ་རས་པ་བཛྲ་ཀཱིརྟི་ནས་བརྒྱུད་པའི་རྟ་མགྲིན་པད་དབྱུག་ཅན་གྱི་རྗེས་སུ་གནང་བ། དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་ནས་བསྟན་པའི་འབྱུང་འདུལ་སེམས་དཔའ་སུམ་བརྩེགས་ཀྱི་རྗེས་གནང་མེ་དབང་དང་བཅས་པ། ལྷ་ཆེན་ཚོགས་ཀྱི་བདག་པོ་དམར་ཆེན་ཁྱད་པར་ཅན་གྱི་རྗེས་སུ་གནང་བ་རྣམས་གསན་པར་མཛད་དོ། །ཡང་བོད་གངས་ཅན་གྱི་གྲུབ་མཐའ་རིས་མེད་ཀུན་གྱི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་པ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དྲུང་ནས་རྒྱལ་བའི་ལུང་གིས་ཟིན་པའི་སྙིགས་དུས་ཀྱི་རྡོ་རྗེ་འཆང་ངོར་ཆེན་ཀུན་དགའ་བཟང་པོའི་བཀའ་འབུམ་པུསྟ་ཀ་བཞིའི་ལུང་ལེགས་པར་གསན་ཞིང༌། གཞན་ཡང་མཁས་དང་གྲུབ་པའི་གཙུག་རྒྱན་ཁང་གསར་མཁན་རིན་པོ་ཆེ་ངག་དབང་བློ་གྲོས་བཟང་པོའི་དྲུང་ནས། ངག་དབང་མཆོག་ལེགས་རྡོ་རྗེའི་ཡིག་སྟེང་ནས་བཀྲ་ཤིས་ཚེ་རིང་མཆེད་ལྔའི་