[A:༡༥༣]ཏེ་བདེ་བར་སྐུ་བལྟམས་པར་གྱུར་ཏོ། །དེ་ལྟར་བལྟམས་པའི་ཁྱེའུ་དེ་ནི་གཟུགས་མཛེས་ཤིང་ལྟ་ན་སྡུག་ལ་བརྗིད་ཆགས་པ། སྟོན་ཀའི་ཟླ་བ་དྲི་མ་མེད་པ་ལྟར་ཁ་དོག་དཀར་ཞིང་སྣུམ་པ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པས་སྐྱེ་བོ་མཐའ་དག་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་ཞིག་ཡོད་ལ། ཡབ་ཡུམ་རྣམས་ཀྱིས་མཚན་པདྨ་རྡོ་རྗེ་ཞེས་བྱ་བར་གསོལ་ཏོ། །དེ་ལྟ་བུའི་གཞོན་ནུ་དེ་ནི་བསྐལ་པ་དཔག་ཏུ་མེད་པ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་གོམས་པ་བརྟས་པའི་ཤུགས་ཀྱིས་གསུང་སྒྲོས་སྨྲ་མི་མཁྱེན་པའི་དུས་སུའང་མ་ཎི་སྒྲ་དག་པར་རྟག་ཏུ་གསུང་བ་དང༌། དགུང་གྲངས་བཞི་ལྔ་ཙམ་བཞེས་པའི་ཚེ། ཡབ་ཡུམ་གྱི་མཛོ་མོ་ཞིག་བརླག་པ་ཇི་ཙམ་བཙལ་ཀྱང་མ་རྙེད་པ་ལ། རྗེ་འདིས་ཕྱག་མཛུབ་གཏད་དེ་རི་ཕ་ཀིའི་རྒྱབ་ན་ཡོད་གསུངས་པ་བཞིན་དུ་རྙེད་པ་སོགས་མངོན་ཤེས་ཀྱང་གསལ་བར་མངའ་བ་དང༌། ཁྱད་པར་དུ་ཡང་མགོན་པོ་བྱམས་པས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་རིགས་སད་པའི་སྟོབས་ཀྱིས་ཉེ་རིང་མེད་པའི་སེམས་ཅན་ཐམས་ཅད་ལ་ཚད་མེད་པའི་སྙིང་རྗེ་མངའ་ཞིང༌། མགོན་མེད་པ་དང༌། སྐྱབས་མེད་པ་དང༌། དཔུང་གཉེན་མེད་པའི་འགྲོ་བ་ཉམ་ཐག་པ་གཟིགས་པའམ་གསན་པའི་ཚེ་རང་དབང་མེད་པར་སྤྱན་ཆབ་ལྡང་བ་དང༌། སེམས་ཅན་གསོད་པ་སོགས་ཀྱི་གཏམ་གསན་པའམ། ཡང་ན་དེ་དག་གི་ཤ་ཁྲག་སོགས་གཟིགས་པའི་ཚེ་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་པོ་སྐྱེས་པའི་སྟོབས་ཀྱིས་སྤྱན་ཆབ་ལྷུང་ཞིང༌། ཉིན་གྲངས་མང་པོའི་བར་དུ་གསོལ་ཆས་ཀྱི་དྭང་གའང་འགགས་འགྲོ་བ་ཞིག་ཡོད་པ་ཡིན་ཏེ། ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འདིའི་ཞལ་སྔ་ནས། ངེད་ན་སོ་ཤིན་ཏུ་ཕྲ་བའི་སྐབས་སུའང་