[A:༢༡༡]ཤེས་རབ་ཀྱིས་ཡང་དང་ཡང་དུ་ཚིག་དོན་ཐམས་ཅད་ལ་ཞིབ་པར་དཔྱད་ཅིང༌། དོན་དང་དོན་མ་ཡིན་པ་རྣམས་སོ་སོར་ཕྱེས་ཏེ་སོམ་ཉིའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བར་མཛད་པ་ཡིན་ནོ། །སྒོམ་པས་ཉམས་སུ་བཞེས་པའི་ཚུལ་ཡང༌། སྤྱིར་བསམས་བྱུང་གི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ཅིང་གཏན་ལ་ཕབ་པ་རྣམས་དུས་དང་རྣམ་པ་ཀུན་ཏུ་བརྩོན་པ་རྒྱུན་ཆགས་པའི་སྒོམ་པས་ཉམས་སུ་བཞེས་པ་དང༌། བྱེ་བྲག་ཡི་དམ་ལྷའི་བསྙེན་སྒྲུབ་ཀྱི་རིམ་པའང་གོང་དུ་སྨོས་པ་རྣམས་དང༌། གཞན་ཡང་ཁམས་བོད་ཀུན་ཏུ་སྔ་ཕྱིར་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་པའི་སྐབས་གསེང་རྣམས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང༌། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་བྲག་རྫོང་མ་དང༌། དཔལ་མགོན་ཞལ་དང༌། ཤིན་ཏུ་ཟབ་པའི་དབྱངས་ཅན་མ་དམར་མོ་གསང་སྒྲུབ་དང༌། པཎྜི་ཏ་ས་མནྟ་ཤྲཱིའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོ་བཅས་ཀྱི་སྐུ་མཚམས་རྣམས་བསྙེན་ཚད་ཚང་བ་ལན་ཁ་ཡར་བཞུགས་ཤིང༌། སྐུ་མཚམས་ཀྱི་སྐབས་ཙམ་དུ་མ་ཟད་དུས་རྒྱུན་དུའང་ཡི་དམ་གྱི་ལྷ་མང་པོའི་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་དང༌། སྔགས་བཟླ་བ་དང༌། གཏོར་མ་འབུལ་བ་ལ་སོགས་པ་དང༌། རྗེས་སྤྱོད་ཀུན་ཏུའང་སྣང་གྲག་དྲན་རྟོག་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤར་པའི་སྒོ་ནས་མདོར་ན་ཐ་མལ་གྱི་རྣམ་པར་རྟོག་པ་སྐད་ཅིག་ཙམ་ཡང་སྐྱེ་བའི་སྐབས་མི་རྙེད་པ་ཡིན་ནོ། །ཤེས་བྱའི་ཆུ་གཏེར་མ་བརྒལ་བར། །ཀུན་མཁྱེན་ནོར་བུ་རྙེད་མིན་ཏེ། །དེ་ཕྱིར་རྒྱལ་དང་སྲས་རྣམས་ཀྱིས། །ཐོས་བསམ་སྒོམ་པའི་ཚུལ་རྣམས་བསྟན། །དེ་ཡང་ཐོག་མར་ཐོས་པ་ཡི། །ས་བོན་ལེགས་པར་བཏབ་བྱས་ན། །སླད་ནས་བསམ་སྒོམ་ལས་བྱུང་བའི། །ཤེས་རབ་མེ་ཏོག་བཀྲ་བར་འགྱུར། །གཟོད་ནས་སོ་སོ་ཡང་དག་པའི། །རིག་པ་མཆོག་ལ་དབང་བསྒྱུར་ཡང༌། །འགྲོ་