[A:༢༡༢]རྣམས་ཡོངས་སུ་བཀྲི་བའི་སླད། །ཚུལ་འདིར་རང་ཉིད་འཇུག་བཞེད་ནས། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི། །གཟི་འོད་ཕྱོགས་བརྒྱར་འཕྲོས་པ་ཡིས། །སྲིད་ཞིའི་མུན་པ་ཀུན་སེལ་བ། །སྨྲ་བའི་དབང་ཕྱུག་ཆེ་རྣམས་ལས། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་བདུད་རྩི་ལེགས་བླངས་པས། །མ་རིག་པ་ནི་རིག་པ་དང༌། །མུན་པའང་སྣང་བའི་གོ་སར་བཀོད། །དེ་དོན་བསམ་པའི་ཤེས་རབ་ཀྱིས། །ཡང་དང་ཡང་དུ་དཔྱད་པའི་མོད། །ངང་པས་ཆུ་ལས་འོ་མ་ལྟར། །མ་ནོར་དོན་གྱི་རོ་མཆོག་མྱངས། །དེ་ཉིད་ཚུལ་བཞིན་བསྒོམས་པ་དང༌། །ཡི་དམ་ལྷ་ཡི་བསྙེན་སྒྲུབ་ཀྱིས། །སྤང་བྱའི་འཁོར་བར་གྲགས་པ་ཡང༌། །བསྒྲུབ་བྱའི་སངས་རྒྱས་ཉིད་དུ་བསྒྱུར།། །།སྤྱི་དོན་བཞི་པ་ཕྲིན་ལས་ཀྱི་གཙོ་བོ་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་ཇི་ལྟར་མཛད་པའི་ཚུལ་ལ་གསུམ་སྟེ། དཔལ་ཨེ་ཝྃ་ཆོས་ལྡན་གྱི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་ཏེ་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ། མདོ་ཁམས་སུ་མི་བདག་སའི་ཚངས་པ་ཆེན་པོས་སྤྱན་དྲངས་ཏེ་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ། སླར་ཡང་རང་གནས་གདན་ས་ཆེན་པོར་ཞབས་པད་བཀོད་དེ་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ལོ། །དེའི་དང་པོ་ནི། ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཨེ་ཝྃ་པའི། །ཆོས་ཀྱི་ཁྲི་ལ་བགྲང་བྱ་བཅུ་ཕྲག་བར། །ངོ་མཚར་མཁས་པའི་བགྱི་བས་ཐུབ་པའི་བསྟན། །ཉིན་བཞིན་གསལ་བར་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་གྱི་དོན་ཞིབ་ཏུ་བཤད་པ་ལ་གཉིས་ཏེ། ཐོག་མར་དཔལ་ཨེ་ཝྃ་ཆོས་ལྡན་གྱི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་བའི་ཚུལ་དང༌། དེ་ནས་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་