R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༡༣
[A:༢༡༣]ལོ། །དེའི་དང་པོ་ནི། འདི་ལྟར་རྗེས་སུ་ཐོས་ཏེ། དེའང་དགུང་ལོ་སོ་གཉིས་པ་མེ་ཡོས་ལོར། མདོ་སྨད་སྡེ་བཞི་དང་དགེ་བཅུའི་དཔལ་གྱིས་མངོན་པར་མཐོ་བའི་རྒྱལ་ཁབ་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པས་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་སྤྱན་འདྲེན་པའི་ཕོ་ཉའི་ཚོགས་རྣམས་རིམ་བཞིན་འབྱོར་པར་བརྟེན། རྗེ་འདི་དགུང་ལོ་སོ་གསུམ་པ་ས་འབྲུག་ཧོར་ཟླ་དྲུག་པའི་ནང་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་སྟོན་འཁོར་རྣམས་དཔལ་ཨེ་ཝྃ་ཆོས་ལྡན་ནས་ཆིབས་བཏེག །རྗེ་འདིས་ཀྱང་ལྷ་ཆུང་བར་ཕེབས་སྐྱེལ་ཞུས་པ་དང་ཆབས་ཅིག་སྐུ་ཡོན་གྱི་འཕྲོ་འགའ་ཞིག་གཟིགས་པ་དང༌། དབང་ལུང་གི་འཕྲོ་ཁ་ཅིག་ཀྱང་ཞུ་བའི་སླད་དུ་ལོ་གཉིས་གསུམ་ལས་མི་འགྱང་བར་མདོ་ཁམས་སུ་ཞབས་པད་རིན་པོ་ཆེ་བསྙེན་པའི་ཕྱིར་བཅར་ཆོག་པར་གསོལ་ཞིང༌། དེ་སྐོར་གྱི་ཐུགས་བྲེལ་རྣམས་རིམ་གྱིས་བཅད། དོན་དུ་གཉེར་བ་འགའ་ཞིག་གི་ངོར་སྒྲུབ་ཐབས་བརྒྱ་རྩ་དང༌། སྣར་ཐང་བརྒྱ་རྩ་རྣམས་ཀྱི་རྗེས་སུ་གནང་བ་དང༌། བདེ་དགྱེས་གསང་གསུམ་གྱི་དབང་ལ་སོགས་པ་མདོར་ན་གདུལ་བྱ་རང་རང་གི་མོས་པ་དང་བསྟུན་པའི་ཆོས་ཀྱི་བདུད་རྩིའང་སྔ་ཕྱིར་ཅི་རིགས་པར་སྩལ། ཚ་རོང་ཆུ་ཚན་དུ་ཚར་གཉིས་ཙམ་ཕེབས་པ་མ་གཏོགས་གཞན་ངོར་རང་དུ་བཞུགས། དགུང་ལོ་སོ་དྲུག་པ་ལྕགས་ལུག་ལོའི་ཧོར་ཟླ་བཅུ་གཉིས་པའི་ནང་ཙམ་ལ་མདོ་ཁམས་སུ་འབྱོན་རྒྱུའི་དགོངས་པ་གཏད་དེ། དེ་སྐོར་གྱི་ཉེར་བསྡོགས་འགའ་ཞིག་ཀྱང་བརྩམས་པ་དང༌། ཁྱད་པར་ལོ་དེའི་ཧོར་ཟླ་བདུན་པའི་ནང་དཔལ་ཨེ་ཝྃ་ཆོས་ལྡན་གྱི་ལྷ་ཁང་ཁག་རྣམས་སུ་མཆོད་འབུལ་རྒྱ་ཆེ་བ་དང་ཆབས་ཅིག་རྟེན་གསུམ་རྣམས་ཞིབ་པར་མཇལ་ཏེ། དར་གོས་གྱ་ནོམ་པ་མང་པོ་ཕུལ་ཞིང་སྨོན་ལམ་འདེབས་པར་མཛད་པའི་ཚེ། ལམ་འབྲས་ལྷ་ཁང་དུ་ཕེབས་ཏེ་ངོར་ཆེན་གྱི་འདྲ་སྐུ་རིན་པོ་ཆེར་སྙན་དར་འབུལ་བར་བརྩམས་པ་ན། རྗེ་འདིའི་དག་པའི་གཟིགས་