[A:༢༡༤]སྣང་དུ་འདྲ་སྐུ་དེ་ཉིད་ཡར་བཞེངས་ཏེ། རྗེ་འདིའི་སྙན་དར་ཕུལ་བ་རྣམས་ཕྱག་གིས་བཞེས་པའི་སྣང་བ་བྱུང་ཞིང༌། དེའི་རྐྱེན་གྱིས་བདེ་གསལ་མི་རྟོག་པའི་ཉམས་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་ཤིང༌། དེ་ནས་ལྷ་ཁང་འགའ་ཞིག་མཇལ་བར་མཛད་ཀྱང༌། བདེ་བ་ཆེན་པོའི་ཉམས་སྐྱེས་དྲགས་པས་རྗེས་སོར་བསམ་བློ་གཏོང་དུས་མི་དྲན་པར་འདུག་གསུངས་ཤིང༌། འདི་ནི་ཨེ་ཝྃ་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་འཛིན་དགོས་པའི་ལྟས་དང༌། བཟུང་ནས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་ཅུང་ཟད་ཙམ་འབྱུང་བའི་ལྟས་ཡིན་པ་འདྲ་གསུངས་མོད། དག་སྣང་འདི་ནི་སོ་སོ་སྐྱེ་བོའི་བློ་ཡི་སྤྱོད་ཡུལ་དུ་མ་གྱུར་པའི་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་གོ །དེ་རྗེས་ཧོར་ཟླ་བརྒྱད་པའི་མཇུག་ཙམ་ན་མཁས་དང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་ཨེ་ཝྃ་པའི་མཁན་ཆེན་ཁྲི་ཐོག་པ་བྱམས་པ་བསོད་ནམས་དཔལ་འབྱོར་པ་ཕྲན་བུའི་སྤྱན་འབྲས་གསལ་མིན་དུ་གྱུར་པ་དང༌། དེའི་མཆོད་དཔོན་མཁྱེན་པའི་སྤྱན་རས་གསལ་བ་ཞིག་ཡོད་པ་དེའང་གློ་བུར་དུ་ལྔ་པའི་ལམ་དུ་སོང་བ་སོགས་ཀྱི་རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས་ཨེ་ཝྃ་པའི་བླ་ཁག་ཁང་ཚན་རྣམས་དང༌། དཔལ་ས་སྐྱ་པའི་འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་རྣམས་སུ་ཤིན་ཏུ་ནན་ཏན་ཆེན་པོས་བླ་བྲང་དགོངས་ཁྲོལ་ཞུ་བར་མཛད་པ་ན། དེ་དག་ནས་ཀྱང་རིམ་གྱིས་དགོངས་པ་ཁྲོལ་བར་གྱུར་ལ། དེ་ནས་ཨེ་ཝྃ་པའི་བླ་ཁག་ཁང་ཚན་དང་བཅས་པ་ཐམས་ཅད་ཀྱིས་ད་ནི་རང་རེ་རྣམས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར་བསྟན་པའི་སྣང་བྱེད་ཆེན་པོ་ཞིག་ཆོས་ཀྱི་རྒྱལ་སྲིད་འདིར་མངའ་གསོལ་བར་འོས་སོ་ཞེས་གླེང་བ་ན། ཐམས་ཅད་ཀྱི་བློ་མཐུན་པར་ཡོངས་རྫོགས་བསྟན་པའི་སྣང་བྱེད་མཚུངས་པ་མེད་པའི་རྗེ་འདི་དང༌། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཁང་གསར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་བཟང་པོ་པ་དང༌། ཉམས་དང་རྟོགས་པའི་དབང་ཕྱུག་ཕན་ཁང་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་