R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༡༦
[A:༢༡༦]ཏུ་དཀའ་བར་སྣང་ནའང༌། རེ་ཞིག་བྱ་བའི་ཁུར་འདི་དག་བཟོད་པར་བགྱིས་ཏེ་བསྟན་པ་དང་སེམས་ཅན་ལ་ཅི་ནུས་ཀྱིས་ཕན་པ་བསྒྲུབ་པར་བྱའོ་སྙམ་དུ་དགོངས་ནས་རིམ་གྱིས་ཞལ་གྱིས་འཆེས་ཏེ། དུས་ཕུན་སུམ་ཚོགས་པ་ལེགས་སྦྱར་གྱི་སྐད་དུ་པྲ་ཛྭ་པ་ཏི་ཞེས་པ་བོད་སྐད་དུ་སྐྱེས་བདག་སྟེ་ལྗོངས་འདིར་དབང་ཐང་དང་བསྟུན་པའི་མིང་ལྕགས་མོ་ལུག་གི་ལོའི་རྒྱལ་གྱི་ཟླ་བའི་འཕེལ་ཕྱོགས་ཀྱི་གྲལ་ཚེས་བཅོ་ལྔའི་ཉིན། གནས་ཕུན་སུམ་ཚོགས་པ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་གྱི་གཙུག་ལག་ཁང་ཆེན་པོར། སྟོན་པ་ཕུན་སུམ་ཚོགས་པ་ངེས་པའི་དོན་དུ་གཟོད་མ་ནས་སྐུ་བཞི་ཡེ་ཤེས་ལྔའི་ཁྱབ་བདག་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་སུམ་དུ་བརྙེས་སུ་ཟིན་ཀྱང༌། ཐུན་མོང་གི་གདུལ་བྱ་རྣམས་དྲང་བའི་སླད་དུ་རྒྱལ་བའི་མྱུ་གུ་གསར་པའི་ཚུལ་གྱིས་རྣམ་པར་རོལ་པ་ན། རང་དོན་དུ་ཚུལ་གནས་གསན་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས། གཞན་དོན་དུ་འཆད་རྩོད་རྩོམ་པའི་ཕྲིན་ལས་ལ་དབང་འབྱོར། གཉིས་ཀའི་དོན་དུ་མཁས་བཙུན་བཟང་གསུམ་དང་མཁྱེན་བརྩེ་ནུས་པའི་རྣམ་ཐར་མཁའ་ཁྱབ་ཏུ་སྣང་བའི་ཐེག་པ་མཆོག་གི་བཤེས་གཉེན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་གང་ཉིད། འཁོར་ཕུན་སུམ་ཚོགས་པ་སྣང་བའི་འཁོར་འཕགས་པའི་དགེ་འདུན་རབ་ཏུ་མང་པོ་དང༌། མི་སྣང་བའི་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚོགས་དཔག་ཏུ་མེད་པ་དང་བཅས་པས་བྱོན་ཏེ། མི་འཇིགས་པ་བཞི་ལ་མངའ་བརྙེས་པའི་བརྡར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་ཆེན་པོ་ག་ལ་བར། ཞབས་མཐིལ་འཁོར་ལོའི་རེ་ཁཱ་རྣམ་པར་བཀོད་ནས། ཇི་ལྟར་འཆར་ཀའི་ཉིན་མོར་བྱེད་པ་ཐུན་མཚམས་ཀྱི་ཆུ་འཛིན་གཞོན་ནུས་མཛེས་པར་སྤུད་པ་བཞིན་དུ་སྲིད་པ་གསུམ་གྱི་གཟི་བརྗིད་མ་ལུས་པ་གཅིག་ཏུ་སྤུངས་པ་ལྟར་ལྷམ་མེར་བཞུགས་པ་ན། འདི་ལྟར་མི་མཇེད་ཀྱི་བདག་པོ་ཚངས་པ་དང༌། ལྷའི་དབང་