[A:༢༡༧]པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་དང་ཚུལ་མཚུངས་པར། ཆོས་ཕུན་སུམ་ཚོགས་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ནོར་བུའི་ཐེམ་སྐས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གཙོ་བོར་གྱུར་པའི་ཐེག་པ་གསུམ་གྱི་གཞུང་དང་གདམས་ངག་གིས་མཚོན་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་དམ་པའི་ཆོས་ཀྱི་འཁོར་ལོའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པར་གསོལ་བ་གདབ་པའི་སླད་དུ། ས་བཟང་འཕགས་པས་ངོར་ཆེན་རྡོ་རྗེ་འཆང་ཆེན་པོར་སྩལ་བའི་ཆོས་ཀྱི་དུང་དང༌། ལམ་འབྲས་གླེགས་བམ་པོད་སེར་མ་རྗེ་བཙུན་རིན་པོ་ཆེའི་ཕྱག་དཔེ་འཁྲུལ་མེད་དང༌། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པ་སྔོན་དུ་འགྲོ་བའི་སྒོ་ནས་དཔལ་ལྡན་ས་སྐྱའི་ལེགས་འབུལ་དང༌། ངོར་གྱི་བླ་བྲང་ཁག་ལྔ་དང༌། ཁང་ཚན་བཅུ་གཅིག་དང༌། གཞན་ཡང་གྲྭ་རིགས་སྦྱིན་བདག་གི་ཚོགས་ཐམས་ཅད་ཀྱིས་ཀྱང་རང་རང་གི་འབྱོར་པ་དང་བསྟུན་པའི་ལེགས་འབུལ་གྱི་དངོས་པོ་རྒྱ་ཆེ་བ་དང་བཅས་ཏེ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་ཡོངས་སུ་མངའ་གསོལ་བའི་སྐལ་བ་བཟང་པོའི་ཉི་མ་གསར་དུ་ཤར་བར་གྱུར་ཏོ། །དེ་ལྟར་བགྱིས་པའི་དགེ་ཚོགས་ཐམས་ཅད་ཀྱང་བར་མ་དོར་ཆུད་མི་འཛའ་བའི་སླད་དུ་འཕགས་དང་མཁས་པ་དགྱེས་པའི་ལེགས་བཤད་ཀྱིས་མཚམས་སྦྱར་ཏེ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བའི་རྒྱས་གདབ་པར་མཛད་ཅིང༌། གཞན་ཡང་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་གནས་དབང་ཁང་དུ་གྲགས་པ་དང༌། དེའི་ཡང་སྟེང་གཡབས་ཆེན་དུ་གྲགས་པ་བཅས་ཀྱི་བཞུགས་ཁྲི་སོ་སོའི་སྟེང་དུའང་ཁྲི་འབུལ་ཟབ་རྒྱས་དང་བཅས་ཏེ་ཡོངས་སུ་མངའ་གསོལ་ཞིང༌། དེ་དག་གི་དུས་ཀྱི་ཚེ་ནམ་