R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༡༨
[A:༢༡༨]མཁའ་ཐམས་ཅད་འཇའ་སྤྲིན་ཁ་དོག་སྣ་ཚོགས་པས་གང་བ་སོགས་ངོ་མཚར་གྱི་ལྟས་མང་པོ་མངོན་སུམ་དུ་ལྷགས་པར་གྱུར་ཏོ། །དེ་ནས་རིམ་པ་བཞིན་རྩིས་སྤྲོད་ལེན་གྱི་སྐོར་རྣམས་ཀྱང་གནའ་བོའི་ལམ་སྲོལ་བཟང་པོ་ཇི་ལྟ་བ་བཞིན་མཛད་པ་ཡིན་ནོ། །མགོན་ཁྱོད་མཁས་པས་འཇམ་དཔལ་དང༌། །བཙུན་ཕྱིར་འཕགས་པ་ཉེ་བར་འཁོར། །ངང་ཚུལ་བཟང་པོས་འགྲོ་ཀུན་ལ། །བརྩེ་བས་ལག་ན་པདྨོ་ཉིད། །དེ་སླད་མཁྱེན་བརྩེ་ནུས་གསུམ་གྱི། །ཡོན་ཏན་བསམ་གྱིས་མི་ཁྱབ་པ། །ཐུབ་དབང་ཁོ་ནའི་རྗེས་འགྲོ་སྟེ། །གཞན་པའི་དཔེར་འོས་སྲིད་མ་ཡིན། །རྒྱུ་དེས་ཡིད་ཀྱི་བརྟན་པ་ཀུན། །ཅིག་ཅར་འཕྲོག་པའི་ར་མདའ་རུ། །ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི། །གསོལ་འདེབས་རོལ་མོ་ཅི་ཡང་འཁྲོལ། །རང་བདེའི་དཔལ་ལ་མ་ཆགས་པར། །བསྟན་འགྲོའི་ཁུར་ཆེན་ལེན་པར་བརྩམས། །དཀའ་ཡང་གཞན་དོན་ལ་དགྱེས་པ། །དམ་པ་རྣམས་ཀྱི་ཆོས་ཉིད་ཡིན། །རིགས་ཀུན་བདག་པོའི་མིའི་རོལ་པར། །སྤྲུལ་ལ་སྤྱི་བོས་མི་བཏུད་སུ། །རྒྱལ་བ་གཉིས་པའི་སྐུ་བརྙན་ཡང༌། །གུས་པའི་ཚུལ་གྱིས་བཞེངས་ལ་ལྟོས། །ཨེ་མ་སྲིད་ཞིའི་གཙུག་ཏོར་རྩེར། །མངོན་པར་འཕགས་པའི་ཆོས་ཀྱི་ཁྲིར། །ཞབས་ཀྱི་ཆུ་སྐྱེས་བཀོད་པའི་མོད། །ཕན་བདེའི་འདོད་རྒུ་ཅི་ཡང་འཇོ། །དགེ་ལེགས་བྱེ་བའི་དུས་དང་གནས། །སྟོན་འཁོར་དམ་ཆོས་ཕུན་ཚོགས་པའི། །ངེས་པ་ལྔ་ལྡན་འོག་མིན་ཞིང༌། །ས་འདིར་གསར་དུ་འཕོས་པར་གྱུར། །དེ་ལྟའི་སྐལ་བཟང་ཨུཏྤལ། །ཁོང་ནས་དགོད་པའི་དགའ་སྟོན་དུ། །ཤིས་པའི་མཚན་རིས་མང་པོ་ཡང༌། །བརྒྱ་བྱིན་མཛུབ་རྩེས་བྲིས་བཞིན་ལྷགས། །ཚུལ་དེའི་སྙན་གྲགས་རྒྱུད་མངས་གླུས། །སྲིད་ཞིའི་ཁམས་ཀུན་ཁྱབ་པ་ལས། །ཡིད་སྲུབས་དཔུང་ལས་རྣམ་རྒྱལ་བའི། །བདེ་སྐྱིད་སྒོ་འཕར་ཅི་ཡང་ཕྱེ།། །།གཉིས་པ་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་མཛད་